ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བདུན་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བདུན་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་བཅུ་གསུམ་ལོར་བདག་གིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་དུས་རབས་ཉེར་གཅིག་པར་མཚོ་ཐོག་དར་གོས་ཚོང་ལམ་མཉམ་སྐྲུན་བྱེད་པ་དང་། ལག་རྡང་སྦྲེལ་ཏེ་སྔར་ལས་དམ་པོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་རྒྱུའི་རེ་བ་བཏོན། ལོ་བདུན་གྱི་རིང་ལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་ཁོངས་མཉམ་ལས་ཁྲོད་དུ་ཆེས་ལེགས་འགྲུབ་བྱུང་བ་དང་ཆེས་གསོན་ཤུགས་ལྡན་པའི་དཔེ་སྟོན་དུ་གྱུར་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་དཔེ་མཚོན་དུ་གྱུར་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རོགས་རེས་བྱས་པ་དང་དཀའ་ཁག་མཉམ་སེལ་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་མཐའ་འཁོར་གྱི་ཕྱི་ཕྱོགས་འབྲེལ་བ་ཐོག་མའི་ཁ་ཕྱོགས་སུ་འཛིན་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ས་ཁུལ་གཙོ་བོར་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་ཁུལ་ཁོངས་མཉམ་ལས་སོ་སོ་ལ་སྐུལ་འདེད་གཏོང་བ་དང་། ས་གནས་རང་གི་དར་རྒྱས་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་སྐྱོབ་བྱས་ནས། སྔར་ལས་དམ་པོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད། གཅིག འཐབ་ཇུས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་འཕེལ་རྒྱས་འཆར་འགོད་དང་འབྲེལ་མཐུད་བཟང་བོ་བྱེད་དགོས། གཉིས། དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་ནས་ས་གནས་ཀྱི་དཔལ་འབྱོར་ཁྱོན་ཡོངས་ནས་སླར་གསོ་བྱེད་དགོས། གསུམ། ཚན་རྩལ་གསར་སྐྲུན་མཐོར་འདེགས་སུ་བཏང་ནས། གྲངས་འཛིན་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། བཞི། རིམས་འགོག་མཉམ་ལས་རྒྱ་བསྐྱེད་ནས་སྤྱི་པའི་འཕྲོད་བསྟེན་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སང་ལོར་ཀྲུང་གོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བར་བསྐྱོད་ངེས་ཡིན་ལ། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཉམ་ལས་བར་སྟོང་སྔར་ལས་ཇེ་ཆེར་གཏོང་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་སྐབས་འདིའི་ཚོགས་ཆེན་བརྒྱུད་དེ་སྔར་ལས་མང་པོའི་ཚོང་གཉེར་གོ་སྐབས་གསར་སྐྲུན་བྱེད་པ་དང་། སྔར་ལས་མང་པོའི་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱེད་དགོས་ལ། ལག་རྡང་སྦྲེལ་ཏེ་སྔར་ལས་དར་རྒྱས་ཆེ་ཞིང་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།