ལིས་ཁི་ཆང་གིས་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་འགན་ཁུར་བ་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཚེས་ཉེར་བཞི་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་དུ།“1+6”གི་སྒོར་ཅོག་བརྙན་ལམ་གླེང་མོལ་ཚོགས་འདུ་ཐེངས་ལྔ་པ་བསྡུས་ཏེ། འཛམ་གླིང་དང་དེ་བཞིན་ཀྲུང་གོའི་དཔལ་འབྱོར་གནས་བབ་དང་རིམས་ནད་བྱུང་རྗེས་ཀྱི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་སོགས་ཀྱི་གྲོས་དོན་ཐད་ནས་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས།

གླེང་མོལ་ཚོགས་འདུ་གྲོལ་རྗེས་ལིས་ཁི་ཆང་གིས་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་འགན་འཁུར་བ་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བཞེད་དོན། ད་ཐེངས་ཀྱི་གླེང་མོལ་ཚོགས་འདུའི་ཐོག་ཕན་འབྲས་ཆེན་པོ་བླངས་ཡོད།  མིག་སྔར་འཛམ་གླིང་གི་དཔལ་འབྱོར་སྔར་བཞིན་སླར་གསོ་བྱེད་ཀྱིན་པའི་གོ་རིམ་ཁྲོད་དུ་ངེས་གཏན་མེད་པའི་རྒྱུ་རྐྱེན་ཅི་རིགས་གནས་ཡོད་པས། ང་ཚོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་མགྱོགས་མྱུར་སླར་གསོ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཉོ་ཚོང་དང་མ་དངུལ་འཇོག་པ་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བཞིན་པ་ནི་འཛམ་གླིང་གི་དཔལ་འབྱོར་ཉམས་པའི་གནས་སྟངས་ནས་འཕར་བར་རྒྱབ་སྐྱོར་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ང་ཚོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་གྱི་དབང་ཟིལ་རང་བཞིན་དང་ནུས་ལྡན་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁྱབ་ཁོངས་སྔར་ལས་ཆེ་ལ་གཏིང་ཟབ་པའི་སྒོ་ནས་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མཉམ་དུ་གོ་ལ་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་སྟེང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། འཕེལ་རྒྱས་ནི་ཀྲུང་གོའི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན། ང་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་རྒྱུ་ནི་འཛམ་གླིང་ལ་ལེགས་སྐྱེས་ཆེས་ཆེན་པོ་ཕུལ་བ་ཞིག་ཀྱང་ཡིན། ང་ཚོས་ནང་མཁོ་རྒྱ་སྐྱེད་གཏོང་བའི་བརྒྱུད་རིམ་ཁྲོད་དུ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་སྔར་ལས་ཆེ་རུ་བཏང་སྟེ་འཛམ་གླིང་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་བྱེད་རྒྱུ་ཡིན།

ཞའོ་ཅེ་དང་ཧོ་ལིས་ཧྥུན་ཐེངས་འདིའི་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།