ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གླེང་སྟེགས་ཐེངས་བཅོ་ལྔ་པའི་དུས་རིམ་དང་པོའི་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོ་པེ་ཅིན་དུ་བརྙན་ལམ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གླེང་སྟེགས་ཐེངས་བཅོ་ལྔ་པའི་དུས་རིམ་དང་པོའི་ཚོགས་འདུར་ཞུགས་ཏེ། 《རིམས་ནད་མཉམ་འགོག་དང་འབྱུང་འགྱུར་མཉམ་བསྐྲུན》ཞེས་པ་བརྗོད་དོན་དུ་བཟུང་སྟེ་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན།  རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ནས། ཕྱོགས་མང་རིང་ལུགས་དང་སྒོ་འབྱེད་དཀྱེལ་ཡངས། གཉིས་ཕན་མཉམ་ལས། དུས་བསྟུན་མདུན་སྐྱོད་བཅས་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་ཕྱི་མའི་དུས་རབས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་འཛམ་གླིང་ཡོངས་བཅོས་སྐྱོང་ཐད་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་སྤེལ་བྱེད་དགོས་ལ། ཀྲུང་གོས་རྒྱལ་ཁབ་ཁག་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས། ཐུན་མོང་འཕེལ་རྒྱས་བཅས་གཏོང་བར་འབད་དེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མིའི་རིགས་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགོས་ནད་ཚབས་ཆེན་ལ་འཕྲད་པའི་སྐབས་འདིར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མགྱོགས་མྱུར་སྒོས་དེར་ཁ་གཏད་འཇལ་ནས། འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་པའི་མཉམ་ལས་དང་དཔལ་འབྱོར་སླར་གསོ་བྱེད་པའི་ཁ་ཕྱོགས་ལ་སྣེ་ཁྲིད་བྱས། མིག་སྔར། རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་ལ། རྒྱལ་སྤྱིའི་གནས་སྟངས་ལ་མྱུར་དུ་འགྱུར་ལྡོག་འབྱུང་བཞིན་ཡོད། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་ཚབས་ཇེ་ཆེར་སོང་སྟེ། འཛམ་གླིང་ཡོངས་ཀྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་ལ་ཕོག་ཐུག་བཟོས་ཡོད།  ངས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་གཤམ་གྱི་ཕྱོགས་འགའ་གཙོ་བོར་བཟུང་ནས་སྔར་ལས་ཤུགས་འདོན་རྒྱུའི་གྲོས་མགོ་བཏོན་པ་ཡིན། གཅིག་ནས་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་པའི་ལྕགས་རི་བརྟན་པོ་བསྐྲུན་དགོས། གཉིས་ནས་འཛམ་གླིང་གི་དཔལ་འབྱོར་འཁོར་སྐྱོད་ཀྱི་གོ་རིམ་གེགས་མེད་དུ་གཏོང་དགོས། གསུམ་ནས་གཞི་གྲངས་དཔལ་འབྱོར་གྱི་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བཞི་ནས་སྔར་ལས་བསྟུན་མཁས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱེད་དགོས། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་སྒོ་འབྱེད་དཀྱེལ་ཡངས་རྒྱུན་འཁྱོངས། གཉིས་ཕན་མཉམ་ལས་རྒྱུན་འཁྱོངས། དུས་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་བཅས་བྱས་ཏེ། རིམས་ནད་ཕྱི་མའི་དུས་རབས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ཐད་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་དགོས།  གཅིག་ནས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་གྱུར་པའི་རྒྱལ་སྤྱིའི་མ་ལག་ལ་ཤུགས་སྣོན་དགོས། གཉིས་ནས་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་བཅོས་སྐྱོང་གི་སྒྲིག་གཞི་སྔར་ལས་འཐུས་ཚང་དུ་གཏོང་དགོས། གསུམ་ནས་གཞི་གྲངས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནས། འཛམ་གླིང་ཡོངས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་རྒྱུ་ཡིན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་རྒྱུ་ཡིན། དེས་རྒྱལ་ཁབ་ཁག་ལ་གོ་སྐབས་སྔར་ལས་མང་པོ་བསྐྲུན་ངེས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེའི་འཛུགས་སྐྲུན་པ་དང་། འཛམ་གླིང་ཡོངས་འཕེལ་རྒྱས་གཏོང་བའི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་མཁན་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཡོད་ཚད་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་དུ། ཞི་བདེ་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་གཏོང་འདོད་ཡོད་པར་མ་ཟད། ཕན་ཚུན་གླེང་མོལ་ལ་བརྟེན་ནས་འགལ་རྐྱེན་སེལ་བ་དང་གྲོས་མོལ་ལ་བརྟེན་ནས་རྩོད་གཞི་སེལ་བ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་མཉམ་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཏིན་ཞུའེ་ཞང་དང་ལིའུ་ཧོ། དབྱང་ཅེ་ཁྲི། ཝང་དབྱི། ཧོ་ལིས་ཧྥུན་སོགས་ཐེངས་འདིའི་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།