ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི5G+བཟོ་ལས་དྲ་སྦྲེལ་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི5G+བཟོ་ལས་དྲ་སྦྲེལ་ཚོགས་ཆེན་ཚེས་ཉི་ཤུ་ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་བསྐུར་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་གོ་ལ་ཧྲིལ་པོའི་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བར་བརྟེན། ཆ་འཕྲིན་ལག་རྩལ་ཉིན་རེ་བཞིན་འགྱུར་ལྡོག་འབྱུང་གིན་ཡོད། 5Gདང་བཟོ་ལས་དྲ་སྦྲེལ་མཉམ་འདྲེས་གཏིང་ཟབ་བྱས་པ་དེས་གྲངས་རིག་ཀྲུང་གོ་དང་ཤེས་རབ་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ལ། ཀྲུང་གོའི་བཟོ་ལས་ཅན་གསར་པའི་འཕེལ་རིམ་སྔར་ལས་ཇེ་མགྱོགས་སུ་བཏང་ནས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་པ་དང་། རིམས་ནད་གང་སར་མཆེད་ཀྱིན་པའི་འཛམ་གླིང་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་ཡོད། རེ་བ་ཡིན་ན་ཚོགས་ཞུགས་འཐུས་མི་རྣམས་ཀྱིས“རིག་གནས་ཀུན་འདུས་དང་མ་འོངས་གསར་གཏོད”ཅེས་པའི་བརྗོད་བྱ་གཙོར་བཟུང་ནས། བསམ་བློ་བརྗེ་རེས་གཏིང་ཟབ་ཏུ་སྤེལ་རྒྱུ་དང་ཐུན་མོང་གི་ངོས་འཛིན་གཅིག་གྱུར་བྱེད་པ། མཉམ་ལས་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དངོས་ཕུང་ལ་ཞབས་ཞུ་དང་སྤྱི་ཚོགས་ལ་ཞབས་ཞུ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ཐེངས་ཀྱི་ཚོགས་ཆེན་འདི་ཧུའུ་པེ་ཝུའུ་ཧན་དུ་བསྡུས་པར་དམིགས་བསལ་གྱི་དོན་སྙིང་ལྡན། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་ཐེངས་འདིའི་ཚོགས་ཆེན་བསྡུས་པ་གོ་སྐབས་སུ་བཟུང་ནས། རླབས་ཆེན་གྱི་རིམས་ནད་འགོག་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་གྲངས་རིག་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པར་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་འབུལ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།