ཞི་ཅིན་ཕིང་པེ་ཅིན་ནས་བརྙན་རིས་བརྒྱུད་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  ཟླ11པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་ནས་བརྙན་རིས་བརྒྱུད་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས་པར་མ་ཟད། ཁ་ཡིག་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཞེས་པའི་གསུང་བཤད་གནང་། ཁོང་གིས་བསྟན་དོན། འཛམ་གླིང་ནི་ཁ་འབྲལ་ཐབས་མེད་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན་པས། རིམས་འགོག་རྒྱལ་སྤྱིའི་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ནས། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པར་མ་ཟད། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་ཡོངས་ལ་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བ་དང་ཡུན་རིང་ལ་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པ་ནམ་ཡང་འགྱུར་མེད། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་གསལ་བོར་ཤེས་པར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་ངེས་ཡིན། གཅིག ང་ཚོས་ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་རྟེན་གནས་དང་དམ་པོར་སྦྲེལ་ཏེ། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་བྱེད་དུ་འཇུག་ངེས་ཡིན། གཉིས། ང་ཚོས་ཤུགས་ཆེན་པོས་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་གསར་སྐྲུན་བྱེད་ངེས་ཡིན། གསུམ། ང་ཚོས་རྒྱུན་མཐུད་སྒོས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཚོང་རའི་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞི་ཡིན། ན་ནིང་ངས་སྒོ་འབྱེད་བཟོད་སྒོམ་དང་གསར་སྐྲུན་འཕར་སྣོན། མཉམ་འབྲེལ་མཉམ་མཐུད། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་རྒྱུ་བཏོན། ང་ཚོས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱུན་མཐུད་སྒོས་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད་རེ་བ་རིམ་བཞིན་དོན་དངོས་སུ་བསྒྱུར་བ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རིམས་འགོག་ཐད་ནས་མི་འགྱངས་པར་རྒྱལ་ཁ་ལེན་ངེས་ཡིན། ང་ཚོས་ལག་རྡང་སྦྲེལ་ཏེ་དཀའ་ཁག་ཁྱད་སེལ་དང་ཕན་ཚུན་རོགས་རེས་བྱེད་པ་དང་། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་དང་ཕྱི་ནང་འཁོར་སྐྱོད་བྱས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་ཡོངས་ལ་མཛེས་པའི་མ་འོངས་མཉམ་སྐྲུན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།