ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་བའི་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར་པེ་ཅིན་ནས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་དེ་འབྲེལ་གྱི་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན།  ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བར་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་བཅས་ཀྱི་དོན་དངོས་གཞིར་བཟུང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་ལ་དམིགས་བཙུགས་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་བར་བྱས་ནས། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱ་རྒྱུ་ཤུགས་རྒྱག་སར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་སྟེང་དུ་བསྐྱོད་པ་དང་། ཁྲིམས་སྐྱོང་བགྲོད་ལམ་སྟེང་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཁྲིམས་སྐྱོང་གི་འགན་ནུས་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློའི་ནང་དོན་ཕུན་སུམ་ཚོགས་ཤིང་རྒྱས་བཤད་གཏིང་ཟབ་པ། གཏན་ཚིགས་ལེགས་པོ་ཡིན་པ། མ་ལག་ཆ་ཚང་བ་བཅས་ཀྱི་ཁྱད་ཆོས་ལྡན་ལ། ལོ་རྒྱུས་དང་དོན་དངོས་ཕན་ཚུན་འབྲེལ་མཐུད་ཡོང་བར་བྱས་པ་དང་རྒྱལ་སྤྱི་དང་རྒྱལ་ནང་ཕན་ཚུན་གཞི་གཅིག་ཏུ་སྦྲེལ་བ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བཅས་ཀྱི་ཐོག་ནས་དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གང་ལེགས་བཏབ་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་དུས་རབས་ཀྱི་བླང་བྱ་དང་བསྟུན་ནས་བྱུང་བའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། མར་ཁེ་སི་་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཀྱང་ཡིན་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་འཛིན་ས་དང་ལག་ལེན་གྱི་ཕྱོགས་སྟོན་ཞིག་ཀྱང་ཡིན་པར་བརྟེན། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་མཐར་ཕྱིན་དང་དེར་གོ་བ་ནན་ཏན་བླངས་ནས། གཞི་རྩའི་དགོངས་དོན་ཁོང་དུ་ཆུད་པར་བྱེད་པ་དང་། སྲོག་ཤིང་གི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ། ལས་ཀའི་བླང་བྱ་ཁ་གསལ་བཟོ་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་བརྒྱུས་ནས་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཐེངས་འདིའི་ཚོགས་འདུར་འགོ་འཛིན་མཛད་པ་དང་།  ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཚོགས་འདུར་ཞུགས། ཝང་ཧུའུ་ཉིང་གིས་སྤྱི་སྡོམ་གཏམ་བཤད་སྤེལ།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། ང་ཚོའི་ཏང་གིས་སྔར་ནས་བཟུང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ཁ་གསལ་བཏོན་པ་དང་འབྲེལ་ནས། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་སྐུལ་འདེད་ནུས་ལྡན་བཏང་བར་མ་ཟད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་གཏན་འབེབས་བྱས། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པའི་རྗེས་སུ། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཟེར།

ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ཁྱོན་ཡོངས་ནས་སྤྱི་བསྡོམས་དང་། དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་དོན་སྙིང་གལ་ཆེན་ལ་གསལ་བཤད་གང་ལེགས་བྱས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་དགོངས་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་དང་སྐུལ་སྤེལ་གཏོང་བའི་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་ཁ་གསལ་བཏབ་པ་དང་། མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་ཀར་འཐབ་ཇུས་ཀྱི་བཀོད་སྒྲིག་གང་ལེགས་གནང་ཡོད་པ་ལས་གཞན། དེར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། དེ་ནི་དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པར་བརྟེན། དེར་ནན་ཏན་གྱིས་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་དོན་འཁྱོལ་མཐར་ཕྱིན་བྱེད་དགོས། འདུ་ཤེས་བཞི་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ཐུབ་པ་བཅས་བྱས་ཏེ། ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ལ། ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་སུ་བསྒྱུར་བ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལག་ལེན་གསོན་པོ་རུ་བསྒྱུར་དགོས་པ་དང་། ཁྲིམས་སྐྱོང་ཅན་གྱི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་ཟེར།

ཝང་ཧུའུ་ཉིང་གིས་སྤྱི་སྡོམ་གཏམ་བཤད་གནང་སྐབས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གནས་བབ་ཀྱི་གནད་མ་ལུས་པ་ཟིན་པ་དང་གཟིགས་རྒྱང་ཡངས་པ། ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ་བཅས་ཀྱི་ཐོག་ནས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མངོན་པར་མཚོན་ཡོད་ཅིང་། དེ་ནི་དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་ཡང་དག་བླངས་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གོ་གནས་གལ་ཆེན། བྱ་བའི་བཀོད་སྒྲིག ལས་འགན་གཙོ་བོ། འགན་ལེན་གལ་ཆེན་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཁག་གི་ཁྲོད་ལག་བསྟར་དོན་འཁྱོལ་དོན་གནས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།