ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་ཧྲང་ཧེ་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་ཧྲང་ཧེ་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་སྟེ་བསྟན་དོན། གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་སྐྱོད་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཚན་རིག་དང་མཐུན་པར་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་གསལ་བོར་ཤེས་པར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་དགོས་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་ཞབས་ཞུ་བསྒྲུབ་པ་དང་། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པར་མ་ཟད། སྤོབས་པ་ཆེན་པོས་འགན་འཁྲི་ལྗིད་མོ་ཕྲག་ཏུ་འཁུར་ཞིང་བྱ་བ་གཙོ་བོ་དམ་འཛིན་བྱེད་པ་དང་། ཧུར་ཐག་སྒོས་ཆུ་ཚད་སྔར་ལས་མཐོ་བར་བཅོས་སྒྱུར་སྒོ་འབྱེད་བྱེད་པའི་ལམ་འབྱེད་གདོང་ལེན་མཁན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་པ། རང་རྟོན་བཞི་མངོན་པར་བྱེད་པའི་ལག་ལེན་དཔེ་སྟོན་མཁན་དུ་འགྱུར་བར་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་ཡོངས་ལ་ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་བགྲོད་ལམ་ངོམ་དགོས་ཟེར།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། ཚོགས་ཆེན་འགོ་བརྩམས་པ་དང་ཚང་མ་ཡར་ལངས་ཏེ་རྒྱལ་གླུ་བླངས།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ལོ་སུམ་ཅུའི་ཡར་སྔོན་ལ། ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་ཁྱོན་ཡོངས་ནས་ཞིབ་འཇུག་བརྡར་གཅོད་བྱས་ཤིང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། ཧྲང་ཧེ་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱེད་པའི་ཐབས་ཇུས་གལ་ཆེན་གཏན་འཁེལ་བྱས་པས། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དང་ལག་བསྟར་བྱེད་པའི་ཐད་ནས་རྣམ་པ་གསར་བ་མངོན་པར་བྱས། ཏང་ཀྲུང་དབྱང་གིས་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་ཐད་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་རེ་བ་ནན་མོ་བཅངས་ཡོད་པར་མ་ཟད། ཧྲང་ཧེ་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱེད་པ་དེ་གཙོར་བཟུང་སྟེ་འབྲི་ཆུའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་སྔར་ལས་སྒོ་འབྱེད་པ་དང་། མགྱོགས་མྱུར་སྒོས་ཧྲང་ཧེ་དེ་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩ། ཉོང་ཚོང་ལྟེ་གནས་ཁྲོད་ཀྱི་གཅིག་ཏུ་འགྲུབ་པར་བྱེད་དགོས་ལ། འབྲི་ཆུའི་ཟུར་གསུམ་གླིང་དང་འབྲི་ཆུའི་བཞུར་རྒྱུན་ས་ཁུལ་གྱི་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་དགོས་པ་ནན་གྱིས་བསྟན་པ་དང་། ཕུའུ་ཏུང་ནི་སྒོ་འབྱེད་རྒྱ་བསྐྱེད་པ་དང་རང་བདག་གསར་སྐྲུན་སོགས་ཕྱོགས་སུ་མདུན་གྲས་སུ་སྐྱོད་དགོས་ལ། དུས་རབས་གསར་བར་ཞུགས་དུས་ཏང་ཀྲུང་དབྱང་གིས་མུ་མཐུད་དུ་ཕུའུ་ཏུང་གསར་སྤེལ་གསར་སྐྲུན་ཐད་ལ་རེ་བ་ནན་མོ་འདོན་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་རབ་དང་རིམ་པ་དེ་ཕུའུ་ཏུང་དུ་ལག་བསྟར་བྱས་ནས་ཕུའུ་ཏུང་གསར་སྤེལ་གསར་སྐྲུན་ཐད་ལ་རྣམ་པ་བཟང་བོ་གསར་སྐྲུན་བྱེད་དགོས་པའི་རེ་བ་བཏོན་ཟེར།

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ་ཧྲང་ཧེའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་ཤིང་། ཕུའུ་ཏུང་གསར་སྤེལ་གསར་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པ་དང་དེའི་ཁྲོད་དུ་ཞུགས་པའི་ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱི་སྡོད་རང་མི། རྒྱལ་ཁབ་སོ་སོའི་མི་སྣ་བཅས་ལ་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་སུམ་ཅུའི་རིང་ལ། ཕུའུ་ཏུང་གིས་གསར་སྐྲུན་རང་བཞིན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱས་ནས་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་བླངས་ཤིང་། དཔལ་འབྱོར་ཐད་ནས་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱས་པ་དང་། བཅོས་སྒྱུར་སྒོ་འབྱེད་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་ཅིང་སྲོག་ཤིང་འགྲན་རྩོད་ནུས་ཤུགས་ཚད་མཐོན་པོས་ཇེ་ཆེར་སོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་སོང་། ཕུའུ་ཏུང་གསར་སྤེལ་གསར་སྐྲུན་བྱས་ནས་ལོ་སུམ་ཅུའི་རིང་ལ་བླངས་པའི་གྲུབ་འབྲས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཁྱད་སྟོབས་ལ་དངོས་ཡོད་ཀྱི་བདེན་དཔང་འདོན་སྤྲོད་བྱས་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་གསོན་ཉམས་ལྡན་པའི་ལག་ལེན་དངོས་འདོན་སྤྲོད་བྱས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སང་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་ཡིན་ལ། ཧྲང་ཧེ་ནི་ཀྲུང་གོ་གུང་ཁྲན་ཏང་ཐོག་མར་འཛུགས་སའི་ས་ཁུལ་ཡིན་པས། དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་ཐོག་མའི་འགན་འཁྲི་ལག་ལེན་བྱས་ཏེ། ཏང་གི་འཛུགས་སྐྲུན་སྤུས་ཚད་དང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ཡང་དག་པའི་ཁ་ཕྱོགས་འགན་སྲུང་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤོབས་པ་ཆེན་པོས་ཁག་ཁུར་དང་གདོང་ལེན་མཁན་གྱི་ནུས་པ་འདོན་པ་དང་། དཀའ་སྤྱད་འབད་བརྩོན་སྒོས་དུས་རབས་གསར་བར་བྱས་རྗེས་ངོ་མཚར་ཅན་གསར་སྐྲུན་བྱེད་དགོས་ཟེར།

ལིས་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་བྱས་པ་དང་། ཏེན་ཞའོ་ཞང་དང་ལིག་ཧི། ཁྲིན་ཞི། ཧི་ལིས་ཧྥིན་སོགས་ཚོགས་ཆེན་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།