ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བས་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་།  རྒྱུན་ལས་ཨུ་ཡོན་བཅོ་ལྔས་ཚོགས་ཆེན་སྟེང་གཏམ་བཤད།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས།

རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་གཏམ་བཤད་སྐབས།   ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི་ལ་གཅིག་གྱུར་བརྩི་འཇོག་བྱས་པ་དང་།   བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྡེ་ཁག་གི་བྱེད་ནུས་འདོན་སྤེལ་བྱེད་པ་དང་།   ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རྩ་གནད་སྒྲིག་བཟོ་བྱེད་པར་དམིགས་ནས་བློ་འདོན་ཇུས་འབུལ་དང་ཐུན་མོང་གི་འདུ་ཤེས་གཅིག་བསྡུས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཚུལ་བསྟན།

ཨུ་ཡོན་ཞེ་ཧྥུའུ་ཀྲན་གྱིས་ནང་མཁོ་རྒྱ་བསྐྱེད་པ་དང་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།   རང་རྟོགས་སྒོ་འབྱེད་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་གསར་པའི་རྣམ་པ་མགྱོགས་མྱུར་སྒོས་བསྐྲུན་དགོས་པའི་གྲོས་གཞི་བཏོན།   ཨུ་ཡོན་ཞཱ་ཐའོ་ཡིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས་བཤད་རྒྱུར།   འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་བྱེད་པ་དང་།   འབྲི་ཆུའི་ཟུར་གསུམ་གླིང་གི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་བདེ་བླག་ངང་སྤེལ་བར་རོགས་སྐྱོར་མང་པོ་འདོན་སྤྲོད་བྱེད་དགོས་ཟེར།   ཨུ་ཡོན་ཝང་ཀུང་ཆན་གྱིས་ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས་བཤད་རྒྱུར།   མཐོ་རིམ་བཟོ་སྐྲུན་སློབ་གསོའི་སྤུས་ཚད་མཐོར་འདེགས་བཏང་སྟེ་རབ་འབྱམས་པ་དང་འབུམ་རམས་པའི་སློབ་བསྡུ་གཞི་ཁྱོན་རྒྱ་བསྐྱེད་དགོས་པ་དང་།    མ་འོངས་པའི་ལག་རྩལ་ཤེས་ལྡན་མི་སྣའི་གསོག་འཇོག་ལ་བཀོད་སྒྲིག་བྱེད་དགོས་པའི་གྲོས་གཞི་བཏོན།    ཨུ་ཡོན་སུན་ཏུང་ཧྲིན་གྱིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས།    གཞི་གྲངས་ཅན་འཛུགས་སྐྲུན་གྱིས་གྲོང་ཁྱེར་གྱི་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་པ་དང་།   གཞི་གྲངས་སྲིད་གཞུང་མྱུར་དུ་འཛུགས་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན།   ཨུ་ཡོན་ཀྲང་ཧྥན་གྱིས་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས།   རིག་གནས་དང་ཚན་རྩལ་མཉམ་བསྲེས་འཕེལ་རྒྱས་རྣམ་པ་རྒྱ་བསྐྱེད་དེ།   རིག་གནས་ཐོན་ལས་ཀྱི་ཁྱད་པར་ཅན་དང་ཁྱད་ཆོས་ཅན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་པའི་གྲོས་གཞི་བཏོན།   ཨུ་ཡོན་ཡུས་ཝུན་མེང་གིས་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས།     རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་བའི་འཕྲོད་བསྟེན་གྱི་འཕྲལ་བསྟུན་དོ་དམ་དེ་མགྱོགས་མྱུར་གྱིས་ཁྲིམས་འཛུགས་དང་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་གཙོ་གནད་དུ་བྱེད་པ་དང་།  ཞི་འཐབ་ཟུང་འབྲེལ་དང་།  སྨན་བཅོས་དང་སྔོན་འགོག་མཐུན་སྦྱོར་གྱི་སྤྱི་བའི་འཕྲོད་བསྟེན་སྨན་བཅོས་བཅོས་སྐྱོབ་མ་ལག་འཛུགས་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན།    ཨུ་ཡོན་ཀྲང་ཨུན་ཏིས་ཀྱིས་ཀྲི་གུང་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྐབསབཤད་རྒྱུར།   རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་པ་དང་།   མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་རྒྱ་བསྐྱེད་དགོས་ཟེར།   དེ་མིན་ཨུ་ཡོན་ཧོང་ཅེ་ཞུའུ་དང་ལེན་ཅེ་ཏི།   ཞུའུ་ཐའོ།  ཝང་ཞ་སོགས་ཀྱིས་ཀྱང་ཚོགས་ཐོག་ཏུ་གཏམ་བཤད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིག་ཞིན་ཁྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།