ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་རྒྱལ་སྤྱིའི་ཚན་རྩལ་དང་གསར་གཏོད་གླེང་སྟེགས་ཀྱི་སྐབས་དང་པོའི་ཚོགས་ཆེན་མགོ་ཚུགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་རྒྱལ་སྤྱིའི་ཚན་རྩལ་དང་གསར་གཏོད་གླེང་སྟེགས་ཀྱི་སྐབས་དང་པོའི་ཚོགས་ཆེན་མགོ་ཚུགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བཤད་རྒྱུར། དེང་སྐབས་འཛམ་གླིང་དུ། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གསར་པ་ཡར་ངོའི་ཟླ་བཞིན་འཕེལ་བཞིན་ཡོད་པས་མིའི་རིགས་ཀྱི་འཕེལ་རྒྱས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་དཀའ་གནད་དང་འགྲན་སློང་ཐག་གཅོད་ལ་ཁ་གཏད་འཇལ་ཆེད་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚན་རིག་ལག་རྩལ་གྱིས་མིའི་རིགས་ཡོངས་ལ་བདེ་སྐྱིད་སྐྲུན་དགོས། མིག་སྔར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་སོགས་ཀྱི་འགྲན་སློང་སྣ་ཚོགས་འཕྲད་བཞིན་ཡོད། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཚན་རྩལ་གསར་གཏོད་དང་མཉམ་ལས་བྱེད་ཤུགས་ཆེར་བཏང་ནས།  སྒོ་འབྱེད་ཁོངས་ཡངས་དང་གཉིས་ཕན་མཉམ་སྤྱོད་ཀྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་མི་དམངས་ཀྱི་ལུས་པོ་བདེ་ཐང་འགན་ལེན་བྱེད་ཆེད་བྱས་རྗེས་འཇོག་འདོད་ཡོད་ཅེས་ནན་གྱིས་བསྟན། པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་མཉམ་དུ་རྒྱལ་སྤྱིའི་ཚན་རྩལ་དང་གསར་གཏོད་གླེང་སྟེགས་ཀྱི་ཚོགས་ཆེན་འཚོགས་ཏེ། འཛམ་གླིང་ཧྲིལ་པོའི་ཚན་རྩལ་གསར་གཏོད་ལ་སྤེལ་རེས་དང་མཉམ་ལས་བྱེད་པའི་ལས་སྟེགས་གལ་ཆེན་འདོན་སྤྲོད་བྱ་རྒྱུ་རེད། ཚོགས་ཆེན་ཐོག“གསར་གཏོད་རྒྱུན་མཐུད་འཕེལ་རྒྱས”ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ཏེ། བློ་བསྡུས་དགེ་འཚོལ་དང་། ངོས་འཛིན་གཅིག་མཐུན་ཡོང་བ། མཉམ་ལས་ལ་སྐུལ་སྤེལ་བཅས་བྱས་ནས་ཚན་རྩལ་གསར་གཏོད་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།