ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་ཚེས་དགུ་ཉིན་གྱི་སྔ་དྲོར་པེ་ཅིང་ནས་ཚོགས་མགོ་བརྩམས། གྲོས་གཞི་གཙོ་བོ་ནི་ཀྲུང་གུང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གདན་ཞུས་ལྟར་ཚོགས་མགོ་རྩོམ་པའི་གྲོས་ཚོགས་ལ་ཞུགས་ཏེ་སྙན་ཞུ་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་མགོ་རྩོམ་པའི་གྲོས་ཚོགས་ལ་མགོ་འཛིན་མཛད། 

ལིས་ཁི་ཆང་གིས་སྙན་ཞུའི་ནང་། མི་འགྱངས་པར་འདས་ལ་ཉེ་བའི་ལོ་ལྔ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཡོད་ཀྱིས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ། དབུལ་ཐར་མཁྲེགས་གཏོར་མི་འགྱངས་པར་དུས་ལྟར་མངོན་འགྱུར་བྱེད་ཐུབ་པར་མ་ཟད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཁྱད་པར་དུ་ད་ལོར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཐད་ནས་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པ། སྲིད་གཞུང་གིས་གྲོན་ཆུང་བྱས་ནས་མི་དམངས་ཀྱི་འཚོ་བ་གཏན་འཇགས་ཡོང་བར་བྱེད་པ་ནན་བཤད་བྱས་ནས། འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཁག་ཐེག་བྱས། དུས་ལྟར་ལུགས་མཐུན་དང་ནུས་ལྡན་གྱིས་ཆེ་མཐོང་ཚོད་འཛིན་སྙོམས་སྒྲིག་ལ་བརྟེན་ཏེ་གཞི་རྒྱ་ཅན་གྱི་ཁག་སེལ་སྲིད་ཇུས་གསར་གཏོད་དང་ལག་བསྟར་བྱས་ནས་ཚོང་ར་གཙོ་བོའི་གསོན་ཤུགས་སྐུལ་སྤེལ་བྱས། ནོར་སྲིད་མ་དངུལ་ཐད་ཀར་དུ་སྟེར་བའི་རྐྱེན་སྲོལ་ལག་བསྟར་བྱས་ཏེ། སྒོར་དུང་ཕྱུར་ལས་བརྒལ་བའི་ཚོང་ར་གཙོ་བོར་འགན་སྲུང་བྱས་པ་དང་། ལས་ཞུགས་དང་གཞི་རྩའི་དམངས་འཚོར་ཁག་ཐག་བྱས་པས་དཔལ་འབྱོར་ཐད་འཕར་སྣོན་མངོན་འགྱུར་བྱུང་བ་དེ་ནི་དངོས་གནས་ལས་སླ་མོ་ཞིག་མ་ཡིན་ཞེས་གསུངས། 

ལིས་ཁི་ཆང་གིས་རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་གོ་སྐབས་གལ་ཆེན་ལ་འཕྲད་ཡོད་ཅིང་། ཡིད་ཆེས་བརྟན་པོས་དཀའ་ཁག་དང་འགྲན་རྩོད་ཐག་གཅོད་བྱེད་པའི་གྲ་སྒྲིག་གང་ལེགས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ནན་ཏན་གྱིས་ཀྲུང་གུང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དངོས་འབེབ་དང་། འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་གསར་བའི་རྣམ་པ་འཛུགས་སྐྲུན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མགོ་བཟང་བོ་རྩོམ་དགོས་ཞེས་གསུངས། 

ལིས་ཁི་ཆང་གིས《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིའི》བཀོད་སྒྲིག་གཞིར་བཟུང་སྟེ་འཆར་འགོད་རྩ་གནད་སྒྲིག་བཟོ་གང་ལེགས་བྱེད་དགོས། འཕེལ་རྒྱས་ཀྱི་ལས་འགན་དང་པོ་དམ་འཛིན་བྱེད་པ་དང་ཆེ་མཐོང་སྲིད་ཇུས་ཀྱི་ཕན་ནུས་རང་བཞིན་དང་རྒྱུན་མཐུད་རང་བཞིན་དམ་འཛིན་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས་ཚོང་ར་གཙོ་བོའི་གསོན་ཤུགས་སྐུལ་སྤེལ་དང་རྒྱལ་ནང་དང་རྒྱལ་སྤྱིའི་ཟུང་ལྡན་འཁོར་སྐྱོད་ལ་སྐུལ་འདེད་གཏོང་དགོས། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཐོན་ཁུངས་སྔར་ལས་མང་བོ་བཀོལ་ནས་མི་འདང་ས་ཁ་གསབ་དང་དམངས་འཚོར་ཕན་པར་བྱེད་དགོས་ཞེས་གསུངས། 

ལིས་ཁི་ཆང་གིས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དག་གིས་བཏོན་པའི་གནད་དོན་ལ་ལན་བཏབ་དང་། སྲིད་གྲོས་ཨུ་ཡོན་ཚང་མས་འཆར་འགོད་རྩ་གནད་སྒྲིག་བཟོ་བྱེད་པར་བློ་གྲོས་འདོན་དགོས་པའི་ཐུགས་རེ་བཏོན། 

ཝང་དབྱང་གིས་མགོ་འཛིན་གཏམ་བཤད་ལས། ཀྲུང་གུང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ལས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བཞུད་ལམ་གསར་བ་མགོ་རྩོམ་པའི་ཐད་འཐབ་ཇུས་དང་ཇུས་གཞི་བཏོན་ཡོད་ཅིང་། དེ་ལས་ཀྲུང་གུང་ཀྲུང་དབྱང་གི་རྒྱང་རིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་མཉམ་བཀོད་འཐེན་པ། རྒྱང་རིང་ལ་བསམ་བློ་གཏོང་བའི་འཐབ་ཇུས་མིག་རྒྱང་མངོན་པར་མཚོན་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མཚོན་པར་བྱས་ཡོད། སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དག་གིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་བ་གཏན་འབེབས་དང་ལག་བསྟར་བྱེད་པར་དམ་དུ་སྦྲེལ་ནས་བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་ཚུལ་གཅིག་བསྡུས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མགོ་བཟང་བོ་རྩོམ་དགོས་པ་དང་། ཀྲུང་ཧྭ་མི་རིགས་རབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་གསུངས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།