ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ལིས་ཁི་ཆང་གིས་སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་ལས་འགོ་བརྩམས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་ལས་འགོ་བརྩམས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། སི་ཁྲོན་ནས་བོད་ལྗོངས་བར་ལྕགས་ལམ་ལས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། དེར་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མཐའ་མཚམས་བརྟན་འཇགས་སྲ་བརྟན་བཅས་ཡོང་བར་བྱེད་པ་དང་། ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་སི་ཁྲོན་དང་བོད་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་རྒྱུད་ཀྱི་ས་དབྱིབས་ས་གཤིས་དང་གནམ་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པས། དེར་ལྕགས་ལམ་ལས་པར་དཀའ་ཚེགས་ཧ་ཅང་ཆེ།  རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་བསྡུས་སྒོས་དོན་ཆེན་སྒྲུབ་ཐུབ་པའི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གཟི་བརྗིད་ལྡན་ཞིང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་འདི་ཡོངས་འགྲུབ་བྱེད་དགོས། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་དགོས། འབྲེལ་ཡོད་ལས་ཁུངས་དང་སི་ཁྲོན་དང་བོད་ལྗོངས་ཞིང་ལྗོངས་གཉིས་ཀྱིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་སྒྲིག་འཛུགས་ཞིབ་ཚགས་ཀྱིས་ལག་བསྟར་བྱེད་དགོས། རྒྱ་ཆེའི་ལྕགས་ལམ་འཛུགས་སྐྲུན་པས་“ལམ་གཉིས”ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཚན་རིག་དང་མཐུན་པར་འཛུགས་སྐྲུན་དང་ཉེན་མེད་འཛུགས་སྐྲུན། ལྗང་མདོག་འཛུགས་སྐྲུན་བཅས་བྱེད་རྒྱུ་དང་། སྤུས་ཚད་མཐོ་བའི་སྒོ་ནས་བཟོ་སྐྲུན་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། སི་ཁྲོན་ནས་བོད་ལྗོངས་བར་ལྕགས་ལམ་ལས་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱོན་ཡོངས་ལ་གཞི་བཙུགས་པ་དང་ཕུགས་ལ་དམིགས་བཙུགས་ཏེ་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། འབྲེལ་ཡོད་ཕྱོགས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་ཏན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ། བདེ་འཇགས་དང་བློ་གཏད་ཆོག་པ་རྨང་གཞིར་བྱེད་པ་དང་། དུས་ཚོད་ཀྱིས་སྤུས་ཚད་ལ་བསྟུན་དགོས་པའི་རྩ་དོན་ལྟར་དུ། བཟོ་སྐྲུན་གྱི་ཇུས་གཞི་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས། ལག་རྩལ་མཁྲེགས་གཏོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་སྐྲུན་རྩ་འཛུགས་བཀོད་སྒྲིག་བྱེད་དགོས། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲི་ནན་འཛིན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་ནད་འགོག་སྡོམ་དང་མང་ཚོགས་ཀྱི་དམངས་ཚིས་སོགས་ཀྱི་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་ཡག་པོ་བྱས་ནས། འགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་ལས་པར་སྐུལ་འདེད་གཏོང་དགོས། བོད་ཁུལ་གྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་དང་ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་བྱས་རྗེས་གསར་པ་འཇོག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།