ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གསུམ་པ་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2020-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་བཞི་ཉིན་ཧྲང་ཧེ་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གསུམ་པ་འགོ་རྩོམ་པའི་མཛད་སྒོར་ཞུགས།

འགོ་རྩོམ་མཛད་སྒོའི་སྟེང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་རིས་བརྒྱུད་ནས་བརྗོད་དོན་གཏམ་བཤད་གནང་། ཧན་ཀྲིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུང་ཧྭ་དང་། ཧང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལི་ཆཱང་སོགས་ཡུལ་དངོས་མཛད་སྒོར་ཞུགས་པར་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགོ་ཁྲིད་པ་བཅས་ཀྱིས་བརྙན་ལམ་དང་ཡུལ་དངོས་གཉིས་མཉམ་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་ནས་མཉམ་དུ་འགོ་རྩོམ་པའི་མཛད་སྒོར་ཞུགས། དུས་ཉེར་གཅིག་དང་སྐར་མ་ཉེར་ལྔ་ཡས་མས་སུ་ཧན་ཀྲིན་གྱིས་ཀྲུང་གོ་རྒྱལ་སྤྱི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གསུམ་པ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཧུའུ་ཁྲུང་ཧྭ་ཡིས་འགོ་རྩོམ་མཛད་སྒོར་འགོ་འཛིན་བྱས། ཕ་ལི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་ས། ཀྲི་ལིའི་ཙུང་ཐུང་ཕེ་ཉི་ལ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡོ་ཡེ་ཧྥུའུ། སེ་ཨར་ཝེ་ཡའི་ཙུང་ཐུང་ཝུའུ་ཆེས་ཆི་སོགས་ཀྱིས་སྔ་བཞུག་ཏུ་བརྙན་རིས་བརྒྱུད་ནས་ཤིས་ཚིག་ཕུལ།

འགོ་རྩོམ་མཛད་སྒོའི་སྔོན་ལ་ཧན་ཀྲིན་དང་ཧུའུ་ཁྲུང་ཧྭ། ལི་ཆཱང་བཅས་ཧྲང་ཧེ་རྒྱལ་ཁབ་འགྲེམ་སྟོན་ལྟེ་གནས་ཀྱི་འགྲེམ་སྟོན་ཚོམས་ཁང་དུ་ཕེབས་ནས་སྐོར་ཞིབ་བྱས། འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཀྱི་འགན་ཁུར་བ་དང་བརྗེ་རེས་བྱེད་སྐབས་ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་སྟེང་སྦས་ཤུགས་ཆེས་ཆེར་ལྡན་པའི་ཚོང་ར་ཆེན་པོ་ཞིག་ཡིན་ལ། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོའི་ཚོང་ར་ཧུར་ཐག་སྒོ་འབྱེད་བྱས་ཏེ། ཀྲུང་གོའི་ཚོང་ར་ཆེན་པོའི་གོ་སྐབས་མཉམ་དུ་ལོངས་སྤྱོད་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་སོ་སོའི་དངུལ་གཏོང་མཁན་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་དང་། རྒྱལ་ཁུངས་བརྒལ་བའི་ཀུང་ཟི་ཡིས་ཀྲུང་གོའི་དངུལ་གཏོང་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ནས། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་འཇོག་པར་རེ་བ་བྱེད་བཞིན་ཡོད་ཟེར།

ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོག་སྡེ་ཁག་དང་ཀྲུང་དབྱང་གི་འབྲེལ་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོའི་འགན་ཁུར་བློ་མཐུན། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་དང་ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། འབྲེལ་ཡོད་ཁེ་ལས་དང་རིག་མཛོད། ཚོང་ཚོགས་ཀྱི་འཐུས་མི་སོགས་ཡུལ་དངོས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།