ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་དབྱི་ཐ་ལིའི་ཙུང་ལི་ཁུན་ཐི་རྣམ་གཉིས་ཀྱིས་ཀྲུང་གོ་དང་དབྱི་ཐ་ལི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2020-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་དབྱི་ཐ་ལིའི་ཙུང་ལི་ཁུན་ཐི་རྣམ་གཉིས་ཀྱིས་ཀྲུང་གོ་དང་དབྱི་ཐ་ལིའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱི་ཐ་ལིའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུའི་རིང་ལ། ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པ་དང་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་། བདག་གིས་ཙུང་ལི་ཁུན་ཐི་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པ་གོ་སྐབས་སུ་བརྩིས་ནས། རྒྱུན་མཐུད་སྒོས་ཕྱོགས་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དང་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་། ཀྲུང་གོ་དང་དབྱི་ཐ་ལིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཁུན་ཐི་ཡིས་བཤད་དོན། ལོ་ལྔ་བཅུའི་རིང་ལ། དབྱི་ཐ་ལི་དང་ཀྲུང་གོས་མཛའ་མཐུན་དང་བརྩི་འཇོག གཉིས་ཕན་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། འབྲེལ་འདྲིས་དམ་པོ་བྱས་པ་དང་མཉམ་ལས་དང་བརྗེ་རེས་ཇེ་མང་དུ་བཏང་ཞིང་ཕྱོགས་གཉིས་ཀྱི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་བཏང་། བདག་གིས་ཙུང་ལི་ལིས་ཁི་ཆང་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་བ་ཡོངས་སུ་སྐོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།