ལིས་ཁི་ཆང་གིས་ཧི་ནན་ཨན་ཡང་དང་ཀྲིན་ཀྲིག་གི་བྱ་བར་གཟིགས་ཞིབ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས3དང་ཚེས4ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧི་ནན་ཞིང་ཆེན་གྱི་ཨན་ཡང་དང་ཀྲིན་ཀྲིག་གི་བྱ་བར་གཟིགས་ཞིབ་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་ནས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་ཨན་ཡང་ཏུང་ལུའུ་སྡེ་བའི་དགུན་གྲོ་འདེབས་སའི་ཞིང་ཁ་རུ་ཕེབས་ཏེ། ཞིང་སར་སེར་ལངས་ཚུལ་དང་ཡོང་སྒོའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ལིས་ཁི་ཆང་གིས་གསུངས་རྒྱུར། ཧུར་ཐག་སྒོས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་འབྲུ་འདེབས་སོན་བཟང་ལེགས་སྒྱུར་བྱེད་པ་དང་ས་བོན་གྱི་སྤུས་ཚད་ཇེ་མཐོར་གཏོང་གཏོང་དགོས་ཟེར།

ལིས་ཁི་ཆང་ཨན་ཞིན་ཡོན་གཞིས་ཁུལ་གྱི་འགན་སྲུང་སྡོད་ཁང་གི་ཁྱིམ་ཚང་དུ་ཕེབས་ཏེ་འདུག་ཁང་གི་ཆ་རྐྱེན་སོགས་ལ་གཟིགས་ཞིབ་གནང་། ཁོང་གིས་བསྟན་དོན། འགན་སྲུང་སྡོད་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན་པས།  སྡོད་ཁང་གི་སྤུས་ཚད་ལ་ཁག་ཐེག་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཧི་ནན་གསོ་སྐྱོང་གསར་དར་ཐོན་ལས་སྡེ་ཚོགས་དང་གསར་རྙིང་སྒུལ་ནུས་བརྗེ་སྤོར་དང་ཀྲིན་ཏུང་ས་ཁུལ་གསར་བའི་འཕེལ་རྒྱས་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད་སྔ་གཞུག་ཏུ་ཀྲུང་ཡོན་སྒུལ་ཤུགས་རིག་ནུས་འཕྲུལ་ཆས་ཀྱི་མིའི་ཀུང་ཟི་དང་ཀྲིན་ཀྲིག་སློབ་ཆེན་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་ལ་གཟིགས་ཞིབ་གནང་། ཁོང་གིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་བྱས་ཏེ། ཤུགས་ཆེན་པོས་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་དགོས། ཧི་ནན་ནི་མི་གྲངས་མང་པོའི་ཞིང་ཆེན་ཆེན་པོ་ཡིན་པས། ཧུར་ཐག་སྒོས་ཤེས་ལྡན་མི་སྣའི་སྟོབས་ལྡན་ཞིང་ཆེན་དང་ཤེས་ལྡན་མི་སྣ་གཅིག་བསྡུས་བྱས་པའི་ས་ཁུལ་དུ་འགྱུར་བར་བྱེད་པ་དང་། དབུས་ཁུལ་དར་རྒྱས་གོང་འཕེལ་དུ་འགྲོ་བར་ནུས་པ་ཆེན་པོ་འདོན་དགོས་ཟེར།

ལིས་ཁི་ཆང་གིས་ཧི་ནན་ཞིང་ཆེན་གྱིས་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། བཅོས་སྒྱུར་སྒོ་འབྱེད་ལ་ཤུགས་སྣོན་པ་དང་གསར་སྐྲུན་དོན་དངོས་གསར་སྐྲུན་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་ཁྲོད་དུ་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།