ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཧི་པེ་ཞིང་ཆེན་དུ་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཧི་པེ་ཞིང་ཆེན་དུ་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་དང་ཞང་སྡེ་དར་སྤེལ་བྱེད་པ་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་ལ། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ན། ད་གཟོད་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་ཐུབ་པ་དང་། ཞང་སྡེ་དར་སྤེལ་ལ་སྐུལ་འདེད་བཏང་ན་ད་གཟོད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་དགོས་ལ། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས་པ་དང་། རྒྱུན་མཐུད་སྒོས་དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཞང་སྡེ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། མཉམ་དུ་ཕྱུག་པོར་འགྱུར་བའི་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། མི་དམངས་མང་ཚོགས་ལ་སྔར་ལས་མཛེས་པའི་འཚོ་བ་རོལ་དུ་འཇུག་དགོས་ཟེར།

ཚེས་གསུམ་དང་ཚེས་བཞི་ཉིན་གཉིས་ལ། ཝང་དབྱང་ཧྥུའུ་ཕེན་རྫོང་གི་ས་གཞན་ནས་དབུལ་སྐྱོར་གནས་སྤོར་བྱས་པའི་བཀོད་སྒྲིག་བྱེད་ས་དང་དབུལ་སྐྱོར་ཐོན་ལས་ས་ཁུལ། དབུལ་སྐྱོར་འཁོར་ཁང་། སྡེ་བའི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་སོགས་ལ་ཕེབས་ཏེ། དབུལ་ཐར་མང་ཚོགས་དང་གཞི་རིམ་དབུལ་སྐྱོར་ལས་བྱེད་པར་འཚམས་འདྲི་བྱས་པར་མ་ཟད་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། འབྲེལ་ཡོད་ཕྱོགས་ཀྱི་དབུལ་ཐར་མཁྲེགས་གཏོར་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཝང་དབྱང་གིས་ཧི་པེ་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་དང་དབུལ་ཕོངས་ས་ཁུལ་དུ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ལས་ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་སེམས་འདུན་དང་འགན་འཁྲི་མངོན་པར་བྱས་པ་དང་། ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་ཁྱད་སྟོབས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་མངོན་པར་བྱས་ཡོད། དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་རྒྱུ་ལས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་སྟེང་དུ་ཐེངས་དང་པོར་དབུལ་ཕོངས་རྩ་བ་ནས་མེད་པར་བཏང་བ་མཚོན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པར་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱ་བའི་རྨང་གཞི་བརྟན་པོ་བཏིང་།

རྟོག་ཞིབ་མཛད་སྐབས། ཝང་དབྱང་གིས་ད་དུང་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་སར་རྟོག་ཞིབ་མཛད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།