ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་ཉེ་ཆར་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས42པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱ་མཚོའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱིས་ཁྱོན་ཡོངས་ནས་རྒྱ་མཚོར་སེམས་ཁུར་དང་། རྒྱ་མཚོར་ངོས་འཛིན། རྒྱ་མཚོར་ཐབས་ཇུས་འགོད་པ་བཅས་བྱེད་དགོས། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱེད་རྒྱུ་མཐའ་འཁྱོངས་དང་། སྐམ་ས་དང་རྒྱ་མཚོ་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས། རྒྱ་མཚོའི་དཔལ་འབྱོར་གོང་སྤེལ། རྒྱ་མཚོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བཅས་བྱ་དགོས་ཞེས་བསྟན།

    ཨུ་ཡོན་དང་ཆེད་མཁས་པ11གིས་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། ཚན་རྩལ་གསར་གཏོད། བཅོས་སྐྱོང་མ་ལག  རྒྱལ་སྤྱིའི་མཉམ་ལས་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འདོན་བྱས་པ་རེད། ཨུ་ཡོན100ལྷག་ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྒུལ་བདེའི་འགན་སྒྲུབ་ལས་སྟེགས་ཐོག་བསམ་འཆར་བཏོན་པ་དང་། ཚང་མས་ངོས་འཛིན་བྱས་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་རྒྱ་མཚོའི་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ལོན་ཡོད། རྒྱ་མཚོའི་དཔལ་འབྱོར་དངོས་ཤུགས་བརྟན་པོའི་ངང་འཕར་བ་དང་། རྒྱ་མཚོའི་ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གལ་ཆེན་ཐོབ་པ། ཁྲིམས་འགལ་གྱིས་རྒྱ་མཚོ་སྐོར་སྐོང་བྱེད་པའི་བྱེད་སྒོ་བཀག་འགོག་ནུས་ལྡན་བྱུང་བ་དང་། རྒྱ་མཚོའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ཡོད། 

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལི་པིན། ཧོ་ཝུའེ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝན་ཀང་གིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅང་ཏ་མིང་དང་། ཅང་ཙུའོ་ཅུན། ཚའོ་ཝེ་ཞིང་། ཧོང་ཝུའུ། ཧའོ་ཀྲེན་ཧྲན། ཧོ་ཀོང་ཧྲུན། ཏའེ་པེ་ཧྥང་། ཀྲའོ་ཅིན་ཏུང་། ཕན་ཅ་ཝེ། ཅང་ཧོ་ཧྲེང་བཅས་དང་ཆེད་མཁས་པ་ཝུའུ་ལི་ཤིན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད། རང་བྱུང་ཐོན་ཁུངས་པུའི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཚན་རྩལ་པུའུ། སྣོད་བཅུད་ཁོར་ཡུག་པུའུ། ཞིང་ལས་གྲོང་གསེབ་པུའུ་བཅས་ཀྱི་འགན་འཁུར་བས་གྲོས་མོལ་སྤེལ་རེས་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།