ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་རྩ་གནད་འཆར་ཟིན་སྒྲིག་བཟོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་རྩ་གནད་འཆར་ཟིན་སྒྲིག་བཟོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས། 

ལིས་ཁི་ཆང་གིས་གསུང་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་སུ། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་གོ་སྐབས་གལ་ཆེན་དུ་གནས་ཡོད་པ་དང་། འགྲན་རྩོད་ཀྱང་མང་བོ་མདུན་དུ་ལྷགས་ཡོད། འཆར་འགོད་ཀྱི་རྩ་གནད་སྒྲིག་བཟོ་བྱེད་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ནན་ཏན་གྱིས་ཏང་གི་སྐབས་བཅུ་དྲུག་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་ལེན་བྱེད་པ་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་དུས་རིམ་དམ་འཛིན་བྱེད་པ། གཏན་འཇགས་ཁྲོད་ནས་ཡར་ཐོན་བརྩོན་པའི་བྱ་བའི་རྨང་གཞི་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་འདུ་ཤེས་གསར་བ་དངོས་འབེབས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པ་བཅས་ལ་དམིགས་ཏེ། མི་དམངས་ཀྱི་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐང་བ་དམ་དུ་བཟུང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིའི་བཀོད་སྒྲིག་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་ཇུས་གཞིར་འགྱུར་བར་སྐུལ་འདེད་གཏོང་དགོས་པར་བསྟན། 

ལིས་ཁི་ཆང་གིས་གསུང་དོན། འཆར་འགོད་སྒྲིག་བཟོ་བྱེད་ན་རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྐང་འཛུགས་པ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ་འཕེལ་རྒྱས་ཀྱི་ལས་འགན་དང་པོ་རྒྱུན་འཁྱོངས་བྱེད་དགོས། མ་འོངས་པའི་འཕེལ་ཕྱོགས་ལ་ཞིབ་འཇུག་བརྡར་གཅོད་གཏིང་ཟབ་ཏུ་བྱེད་པ་དང་། འཕེལ་རྒྱས་སྤུས་ཚད་མཐོར་འདེགས་དང་དམངས་འཚོའི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ་སོགས་ལ་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དམིགས་ཚད་མ་ལག་བཙུགས་ནས་འཆར་འགོད་དེས་ལག་ལེན་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་པར་བྱེད་དགོས། འཕེལ་རྒྱས་ཀྱི་བྱེད་ཐབས་ལ་གཞོགས་འདེགས་དང་འཆར་འགོད་བྱས་ཏེ་འཕེལ་རྒྱས་བཟོ་སྐྲུན་དང་གསར་གཏོད་བཟོ་སྐྲུན། དམངས་འཚོའི་བཟོ་སྐྲུན། དམིགས་སའི་རང་བཞིན་ལྡན་པའི་སྲིད་ཇུས་ཆེན་པོ་སྐོར་ཞིག་འདོན་དགོས། ཚོང་རའི་ཐོན་ཁུངས་ལེགས་སྒྲིག་ཁྲོས་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་འདོན་སྤེལ་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་བྱེད་ཐབས་བཀོལ་མཁས་བྱས་ནས་དཀའ་གནད་ཐག་གཅོད་བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་དང་ལས་རིམ་གཙོ་བོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། དབང་གཏོང་དང་ཞབས་ཞུ། དོ་དམ་བཅས་ལ་བསྟུད་མར་སྐུལ་འདེད་བཏང་སྟེ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཚོང་གཉེར་ཁོར་ཡུག་གསར་བསྐྲུན་བྱེད་དགོས་ལ། སྔར་ལས་ཤུགས་ཚད་ཆེ་བའི་སྒོ་འབྱེད་བྱེད་ཐབས་བཏོན་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱེད་དགོས་ཞེས་གསུངས། 

ལིས་ཁི་ཆང་གིས་གསུང་དོན། འཆར་འགོད་སྒྲིག་བཟོ་བྱེད་པར་རྩ་འཛུགས་མགོ་ཁྲིད་དང་བྱ་བའི་གཅིག་གྱུར་བཀོད་འདོམ། གནད་དོན་གལ་ཆེན་གྱི་ཞིབ་འཇུག་བཅས་ལ་ཤུགས་སྣོན་དགོས་ལ། ཕྱོགས་སོ་སོའི་བསམ་འཆར་ལ་རྒྱ་ཆེར་ཉན་དགོས། རྒྱལ་ཁབ་ཀྱི་འཆར་འགོད་དང་རིགས་སྣ་ཚོགས་ཀྱི་འཆར་འགོད་གཞན་པའི་སྦྲེལ་མཐུད་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། རྒྱལ་ཡོངས་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མགོ་བཟང་བོར་རྩོམ་པར་ཁག་ཐེག་བྱེད་དགོས་ཞེས་གསུངས།
སུང་ཁྲོང་ལན་དང་། ཧུའུ་ཁྲོང་ཧྭ། ལིའུ་ཧི། ཝེ་ཧྥུན་ཧི། ཝང་ཡུང་། ཝང་དབྱེ། ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།