ཝང་ཀྲིན་ཧྲིན་གྱིས་རྒྱལ་ཁབ་གཅིག་གྱུར་གྱི་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ཡིག་རྒྱུགས་མཚོ་སྔོན་རྒྱུགས་ལེན་ས་ཁུལ་དུ་རྟོག་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོ། ཉིས་སྟོང་ཉི་ཤུ་ལོར་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་གི་རྒྱུགས་ལེན་འགོ་བརྩམས་པ་དང་། མི་སྟོང་བཞི་དང་བདུན་བརྒྱ་ང་བཞི་ཡིས་མཚོ་སྔོན་རྒྱུགས་ལེན་ས་ཁུལ་དུ་མིང་ཐོ་བཀོད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་གྱིས་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རྒྱུགས་ར་ནས་རྟོག་ཞིབ་བྱས།

ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཉེན་ཁའི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེ་སར་བཞག་སྟེ། བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དམ་འཛིན་ཏན་ཏིག་བྱས་ནས་ཆད་ལུས་གང་ཡང་མི་ཡོང་བའི་འགན་ལེན་བྱེད་དགོས། ཞབས་ཞུ་དང་འགན་སྲུང་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས་ལ། འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་བགོས་ཚུལ་ལ་ནན་མོར་གཞིགས་ནས།  རང་འགུལ་ངང་འགན་འཁྲི་འཁུར་བ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱེད་པ། ཞབས་ཞུའི་འགན་ལེན་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ། ཡིག་རྒྱུགས་བརྟན་ལ་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས། བདེ་འཇགས་སྐོར་ཞིབ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྒྱུགས་རའི་སྒྲིག་ཁྲིམས་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱེད་དགོས། སྒྲིག་འགལ་སྲོལ་འགལ་གྱི་དོན་རྐྱེན་ཐོན་རྒྱུ་ནན་འགོག་བྱས་ཏེ། དྲང་བདེན་དྲང་གཞག་གི་ཡིག་རྒྱུགས་ཁོར་ཡུག་ཅིག་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།