ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་འགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་ཆེད་དུ་སློབ་སྦྱོང་དང་ལག་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་ཟླ་བཅུ་པའི་ཚེས་སུམ་ཅུའི་ཉིན་གྱི་ཕྱི་དྲོར་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་ཆེད་དུ་སློབ་སྦྱོང་དང་ལག་ལེན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཡི་ཧྲུའུ་ཅི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གསུང་བཤད་གནང་། 

གྲོས་ཚོགས་ནས་བལྟས་ན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ང་ཚོའི་ཏང་ལོ་བརྒྱ་གཉིས་ཀྱི་ལོ་རྒྱུས་འདྲེས་མཚམས་སུ་ལངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་འགོ་རྩོམ་པའི་ཐད་འཐབ་ཇུས་བཏོན་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ནས་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། དེ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ལ། ཏང་ཀྲུང་དབྱང་གི་རྒྱང་རིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་བཀོད་འདོམ་བྱེད་པ། རྒྱང་རིང་ལ་འཆར་གཞི་འཐེན་པའི་འཐབ་ཇུས་མིག་རྒྱང་མངོན་པར་མཚོན་ཡོད་པ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འཐབ་ཇུས་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད་པར་འདོད། 

ཚང་མས་གཅིག་གྱུར་སྒོས་བལྟས་ན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་ལག་ལེན་ལས་རང་རྒྱལ་གྱི་ཆབ་སྲིད་ཁྱད་སྟོབས་དང་ལམ་ལུགས་ཁྱད་སྟོབས་མངོན་པར་ར་སྤྲོད་བྱས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་རྗེས་སུ་ང་ཚོའི་ཏང་གིས་ནམ་རྒྱུན་སྲུང་འཛིན་བྱེད་པའི་དམིགས་འབེན་ཡིན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་གྲོས་གཞིས་ཏང་གི་དམིགས་འབེན་གྱི་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱས་ཡོད་པ་དང་། དུས་བསྟུན་མདུན་བསྐྱོད་ཀྱིས་འཕེལ་རྒྱས་དུས་རིམ་གསར་བའི་ནང་དོན་གསར་བ་བཏོན་ཡོད་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པའི་བསམ་ཕྱོགས་གསར་བ་གསལ་བོར་བསྟན་ཡོད། ང་ཚོས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ན། ང་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནས་བཏོན་པའི་དམིགས་འབེན་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་ཐུབ་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་ཐུབ་ཟེར། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གཙོ་བོར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་སྲིད་གྲོས་ཀྱི་འགན་ནུས་བྱ་བའི་ཁྲོད་དུ་དངོས་འབེབ་བྱེད་དགོས། སློབ་སྦྱོང་དང་གོ་བ་ཟབ་མོ་ལོན་པར་བྱེད་པ་དང་དྲིལ་སྒྲོག་གང་ལེགས་བྱས་ནས་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བློ་འདོན་ཇུས་འབུལ་དང་ཐུན་མོང་ལྟ་ཚུལ་གཅིག་འདུས་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གྲོས་གཞི་ལག་བསྟར་གང་ལེགས་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།