ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་གི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་། ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་ནས། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་ཡི་འཐུས་མིའི་བསམ་འཆར་དང་གྲོས་གཞིར་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན།  ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ནི་རང་རྒྱལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པར་བྱས་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས།  དུས་སྟུན་མདུན་སྐྱོད་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པ་དང་།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ཐོག་མའི་ལོ་ལྔ་ཡིན། ང་ཚོའི་མིག་མདུན་དུ་གནས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཞིབ་འཇུག་བྱ་གཞི་ནི་རྩེ་རིམ་ཇུས་འགོད་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། ཏང་གི་་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་མུ་མཐུད་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་ཀྱི་གྲོས་གཞི་གཏན་འབེབས་ཡག་པོ་བྱེད་དགོས་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་མ་འོངས་པའི་ལོ་ལྔ་དང་ཡང་ན་དེ་ལས་ཀྱང་རིང་བའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨི་ཞང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏིན་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིན་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥིན། བཟོ་ཞིང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཐའོ་ཀྲི་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཁོ་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། རང་རྒྱལ་གྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པར་མ་ཟད། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་། ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞིར་མོས་མཐུན་བྱུང་བ་ལས་གཞན། ས་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་འཛིན་པ། རྒྱལ་སྤྱི་དང་རྒྱལ་ནང་གི་འཁོར་སྐྱོད་གཉིས་ཀྱིས་ཕན་ཚུན་སྐུལ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་ཆགས་པར་བྱེད་པ་དང་། གསར་གཏོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  རང་རྒྱལ་གྱི་འགག་རྩའི་སྒྲིག་ཆས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་འབྲེལ་ཐག་འཐུས་ཚང་དུ་གཏོང་བ། ཐོན་ལས་འཁོར་རྒྱུག་མཁོ་སྤྲོད་འབྲེལ་ཐག་གི་བརྟན་པོའི་རང་བཞིན་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། འཆར་འགོད་ཀྱི་ཁྲིམས་སྐྱོང་དོ་དམ་ལ་ཤུགས་སྣོན་པ། སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞིར་བསམ་ཞིབ་དང་ཡིག་ཆ་འཆར་ཟིན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་། ཁོང་གིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་གིས་ཞིབ་འཇུག་ནན་ཏན་བྱས་པ་བརྒྱུད་དེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བརྗོད་དོན་གཙོ་བོ་ནི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་། ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞིར་ཞིབ་འཇུག་བྱེད་རྒྱུ་གཏན་འབེབས་བྱས་པ་ཡིན་ལ། དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཐོག་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ལ་གཅིག་གྱུར་འཆར་འགོད་བྱེད་པའི་དངོས་ཡོད་དགོས་མཁོ་ཞིག་ཡིན་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པའི་ཐབས་ལམ་གལ་ཆེན་ཡང་ཡིན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞིའི་གྲོས་གཞི་གཏན་འབེབས་ཡག་པོ་བྱས་པ་དེས། འཆར་འགོད་རྩ་གནད་བཟོ་བར་གཞི་འཛིན་ས་འདོན་སྤྲོད་བྱས་ཏེ། མ་འོངས་པའི་ལོ་ལྔའི་རིང་རང་རྒྱལ་འཕེལ་རྒྱས་གཏོང་བའི་དམིགས་འབེན་གཙོ་བོ་དང་དམིགས་བསལ་གྱི་ཁྱབ་ཁོངས། གཙོ་གནད་ཀྱི་ལས་འགན་བཅས་སྤྱི་ཚོགས་ལ་བརྒྱུད་སྤྲོད་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་གི་ངོས་འཛིན་འདུ་ཤེས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པར་ཁྲིད་སྟོན་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་སྔར་ལས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གྲོས་གཞི་གཏན་འབེབས་ཡག་པོ་བྱེད་པར་ངེས་པར་དུ་འབྲེལ་བ་ཆེན་པོ་འགའ་ཐག་གཅོད་བྱེད་དགོས་ཏེ། གཅིག་ནས་རྒྱུན་འཛིན་དང་གསར་གཏོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་ཚད་སྦྲེལ་མཐུད་ཡག་པོ་བྱེད་དགོས། གཉིས་ནས་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། རང་རྒྱལ་ལམ་ལུགས་ཀྱི་ལེགས་ཆ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། གསུམ་ནས་སྒོ་འབྱེད་དང་རང་བདག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་གཉིས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་སྔར་ལས་གང་ལེགས་བྱེད་དགོས། བཞི་ནས་འཕེལ་རྒྱས་དང་བདེ་འཇགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། ལྔ་ནས་འཐབ་ཇུས་དང་འཐབ་རྩལ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། མིག་རྒྱང་རིང་ལ་དངོས་གཉེར་གོ་ཆོད་ཀྱི་འཆར་འགོད་གྲོས་གཞི་གཏན་འབེབས་བྱེད་དགོས། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་སྐབས་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་གང་ལེགས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལ་ཞིབ་འཇུག་བརྡར་གཅོད་དང་། སྤྱིའི་བསམ་ཕྱོགས་དང་དམིགས་འབེན་གཙོ་བོར་ཞིབ་འཇུག་གཏིང་ཟབ་བྱེད་པ། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ།  བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་དུས་ཐོག་ཏུ་འདོན་པ། སྔར་བཞིན་ཉེན་ཁ་ཆེན་པོར་ཁ་གཏད་འཇལ་བའི་སྔོན་ཇུས་འགོད་པ་བཅས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནས་བཟུང་། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ། རྣམ་པ་སྣ་མང་བརྒྱུད་ནས་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱས་པར་བརྟེན། སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་བྱས་འབྲས་ཁག་ཅིག་འབྱུང་་བར་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྤྱིའི་བཀོད་སྒྲིག་ལག་བསྟར་བྱེད་པར་གྲ་སྒྲིག་ནན་ཏན་བྱས་ཡོད། ཟླ་བཞི་པའི་ཟླ་སྨད་དུ། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་མངགས་བཅོལ་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བརྗོད་བྱ་གཙོ་བོའི་ཐད་ལ་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞི་ཆེད་དུ་བསྡུ་ལེན་བྱས་པ་དང་། བློ་མཐུན་རྣམས་ཀྱིས་ཀྱང་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་དམིགས་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་གཞི་རྩའི་བསམ་བཀོད་དང་གོང་སྤེལ་དམིགས་འབེན། འཐབ་ཇུས་གལ་ཆེན། ལས་འགན་གཙོ་བོ། བཅོས་སྒྱུར་བྱེད་ཐབས་སོགས་ཀྱི་ཐད་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་མི་ཉུང་བ་ཞིག་བཏོན་ཡོད་པར་མ་ཟད། འཆར་ཟིན་འགོད་པའི་གྲོས་གཞིའི་འཆར་ཟིན་ལ་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད། གོང་ནས་ཚང་མས་གཏམ་བཤད་གནང་སྐབས་བསམ་ཚུལ་ལྷུག་པོར་གླེང་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་བཟོ་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་བཏོན་པར་ཉན་རྗེས་སྔར་ལས་བློ་སྒོ་ཆེན་པོ་ཕྱེས་པར་བརྟེན། ང་ཚོས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱ་རྒྱུ་ཡིན་ཟེར།

ཞིས་ཅིན་ཕིང་གིས་རེ་བ་བཏོན་དོན། ཚང་མས་མུ་མཐུད་བསམ་གཞིགས་དང་ཞིབ་འཇུག་བྱས་ནས་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་མུ་མཐུད་མཁོ་འདོན་བྱ་རྒྱུ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་དང་། ཧུར་བརྩོན་དང་རང་འགུལ་ངང་ནས་འགྲན་སློང་བསུ་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཉེན་ཁ་གོ་སྐབས་སུ་བསྒྱུར་གང་ཐུབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་གྲུབ་ཚུལ་རང་བཞིན་དང་དུས་ཚད་རང་བཞིན། སྒྲིག་སྲོལ་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྟོབས་ལྡན་དང་རྒྱུན་མཐུད་ཅན་གསོ་སྐྱོང་བྱེད་དགོས། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་ཡིད་སྨོན་བྱེད་པ་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་སྤེལ་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་བ་རྒྱུན་འཁྱོངས་དང་། རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་སྤྱི་ཡོངས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་བ།  འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་ཤུགས་སྣོན་པ། རང་རྒྱལ་འཕེལ་རྒྱས་གཏོང་བའི་ཁོར་ཡུག་དང་འཕེལ་རྒྱས་གཏོང་བའི་དུས་རིམ། འཕེལ་རྒྱས་གཏོང་བའི་ཆ་རྐྱེན་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་བསྟུན་ནས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་འདི་རྒྱུན་འཁྱོངས་བྱེད་རྒྱུ་དང་། གོ་ལ་ཧྲིལ་པོའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྔར་ལས་ལེགས་པའི་སྒོ་ནས་ཚུར་འགུག་བྱས་ནས། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ནང་ཞུགས་པའི་ལེགས་ཆ་གསར་པ་གྲུབ་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་དུང《གྲོས་གཞི》ལྟར《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞིའི་རྩ་གནད་འཆར་ཟིན》ཞེས་པ་གཏན་འབེབས་བྱེད་དགོས། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། བརྟག་དཔྱད་ཞིབ་འཇུག་མུ་མཐུད་གཏིང་ཟབ་བྱེད་པ། གནས་ཚུལ་ངོ་མ་ཤེས་རྟོགས་བྱེད་པ། ཚན་རིག་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བཅས་བྱེད་དགོས་ལ།  སྤྱི་ཚོགས་ཀྱི་བདེ་སྡུག་གོང་རིམ་ལ་ཡར་ཞུ་བྱེད་རྒྱུ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་གཏན་འབེབས་ཡག་པོ་བྱེད་ཆེད་རྩ་ཆེའི་བློ་གྲོས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

ཏིན་ཞུའེ་ཞང་དང་ཝང་ཁྲིན། ལིའུ་ཧོ། སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ཀུའོ་ཧྲིན་ཁུན། ཧོང་ཁུན་མིན། ཡིག་ཆོན། ཞའོ་ཅེ། ཧོ་ལིས་ཧྥིན། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུར་ཞུགས་མཁན་གྱི་ཏང་ཕྱིའི་མི་སྣ་ལ་ད་དུང་ཁྲེན་ཞའོ་ཀོང་དང་ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཅང་ཙུའོ་ཅུན། ལི་ཡོད་ཧྥིན། ཞེ་ཅིན་རུང་། ཧྥན་ཅེ་སོགས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།