ཀྲུང་གོ་བོད་ཀྱི་དྲ་བ།

ཐའེ་ཝན་བསྐྱར་གསོ་བྱུང་ནས་ལོ་འཁོར་དོན་ལྔ་ལོན་པར་རྗེས་དྲན་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིན་དུ་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐའེ་ཝན་བསྐྱར་གསོ་བྱུང་ནས་ལོ་འཁོར་དོན་ལྔ་འཁོར་བར་རྗེས་དྲན་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚེས་ཉེར་གཉིས་ཉིན་པེ་ཅིང་དུ་ཚོགས།    ཀྲུང་དབྱང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བགྲོ་གླེང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།    ཁོས་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐའེ་ཝན་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱེད་དགོས་པ་དང་།  ལོ་རྒྱུས་ཡིད་ལ་བརྟན་པོར་འཛིན་པ།  རླབས་ཆེ་བའི་མི་རིགས་སྙིང་སྟོབས་དར་སྤེལ་གཏོང་བ།   མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་རྡོག་རྩ་གཅིག་སྒྲིལ་བྱེད་པར་སྐུལ་སློང་བྱེད་པ།   མི་རིགས་ཀྱི་བདེན་དོན་མཉམ་ཁུར་བྱེད་པ་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་།  མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་དགོས་ཟེར།

ཝང་དབྱང་གིས་བསྟན་དོན།  ལོ་དོན་ལྔའི་སྔོན་ལ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁབ་ལ་ཐོབ་པ་དང་ཐའེ་ཝན་བསྐྱར་གསོ་བྱུང་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་བརྒྱའི་རིང་ལ་མྱངས་པའི་བརྙས་བཅོས་མེད་པར་བྱས་པ་དང་།  རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་ནུས་ལྡན་བྱས་ལ། དེ་ནི་དུས་རྟག་པར་ལོ་རྒྱུས་དེབ་ཐེར་དུ་བཀོད་ཡོད་པའི་ལོ་སྟོང་འབར་བའི་ལེའུ་ཞིག་ཡིན།  ཐའེ་ཝན་བསྐྱར་གསོ་བྱུང་བ་ནི་ཐའེ་ཝན་སྤུན་ཟླ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱིས་སྔ་རྗེས་ཕྱི་འབྲངས་དང་ཁྲག་བཏོན་དམར་འཛིང་བྱས་པའི་རླབས་ཆེན་རྒྱལ་ཁ་ཡིན་པ་དང་།   ཐའེ་ཝན་སྤུན་ཟླའི་དགའ་སྐྱོ་གཉིས་ལྡན་གྱི་མི་རིགས་ལ་རྒྱ་དང་ལྷག་བསམ་ཟོལ་མེད་ཀྱི་རྒྱལ་གཅེས་བརྩེ་སེམས་མངོན་པར་མཚོན་ཡོད་པར་མ་ཟད།   ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པར་བདེན་དཔང་བྱས་ཡོད།   མཚོ་འགག་འགྲམ་གཉིས་ད་རུང་ཡོངས་སུ་གཅིག་གྱུར་བྱས་མེད་ནའང་།   སྐམ་ས་ཆེན་པོ་དང་ཐའེ་ཝན་གཉིས་ཀྲུང་གོར་གཏོགས་པའི་དོན་དངོས་དེར་ནམ་ཡང་འགྱུར་ལྡོག་འབྱུང་མི་སྲིད་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན།  ཐའེ་ཝན་རང་བཙན་ཁ་བྲལ་སྟོབས་ཤུགས་ཀྱིས་རྒྱུན་ཆད་མེད་པར་རང་བཙན་གྱི་བྱ་སྤྱོད་སྤེལ་ཏེ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཛ་དྲག་ཏུ་བཏང་བ་དང་།  དེ་ནི་ཐའེ་ཝན་བསྐྱར་གསོའི་ཆེད་དུ་རང་སྲོག་བློས་བཏང་བའི་སྔོན་བཤེགས་དཔའ་བོ་དག་ལ་ཁྱད་གསོད་བྱས་པ་རེད། མེས་རྒྱལ་ཞི་བདེའི་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ་ནི་ཐའེ་ཝན་སྤུན་ཟླ་འདུ་བའི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས།   ཀྲུང་གོ་གཅིག་གི་རྩ་དོན་མངོན་པར་བྱེད་པའི་དགུ་གཉིས་ཐུན་མོང་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་པ་དང་།  ཐའེ་ཝན་རང་བཙན་སྟོབས་ཤུགས་དང་ཁ་བྲལ་བྱ་སྤྱོད་ཡོད་ཚད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་ཟེར།

མཚོ་འགག་འགྲམ་གཉིས་ཀྱི་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ཐའེ་ཝན་བསྐྱར་གསོར་རྗེས་དྲན་བྱེད་པ་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་ལ་དམིགས་ནས་བགྲོ་གླེང་བྱས།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།  ཐའེ་ཝན་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧའེ་དང་།   ཐའེ་ཝན་སྲིད་ཏང་གསར་པའི་གཟི་བརྗིད་ཀྲུའུ་ཞི་ཡུས་མུའུ་མིང་སོགས་འཐུས་མི་བཅུ་གཉིས་ཀྱིས་གཏམ་བཤད།  ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་དམངས་གཙོ་ཏང་ཁག་དང་མང་ཚོགས་ཚོགས་པའི་འགན་འཁུར་བ་སོགས་མི་བརྒྱ་ལྷག་བགྲོ་གླེང་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།