ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ལ་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས།  “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱས་པའི་ཕྱོགས་སྡོམ་དཔྱད་འཇོག་སྙན་ཞུ་ལ་ཉན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

ཞི་ཅིན་ཕིང་གིས་བཤད་རྒྱུར། “ལོ་ལྔའི་འཆར་གཞི་བཅུ་གསུམ”པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བཏང་ཞིང་། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་བ་དང་། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཤིང་། བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་པ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་དོ་མི་མཉམ་པའི་འགལ་བ་དང་གནད་དོན་ཞི་འཇགས་སུ་བཏང་བ་དང་། ཞི་ལྷོད་ཀྱི་སྒོ་ནས་ཕྱི་ཕྱོགས་འགྲན་རྩོད་མངོན་གསལ་སྒོས་མཐོར་འདེགས་སུ་འགྲོ་བའི་རྙོག་འཛིང་རྣམ་པར་ཁ་གཏད་འཇལ་ཞིང་བློ་ཐག་རྦད་ཆོད་སྒོས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པ་དང་། བློ་ཐག་རྦད་ཆོད་སྒོས་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པའི་ཕྱོགས་སུ་སྐྱོད་ཅིང“ལོ་ལྔའི་འཆར་གཞི་བཅུ་གསུམ”པ་བདེ་བླག་ངང་ལག་བསྟར་བྱེད་པའི་དམིགས་ཚད་གཙོ་བོ་དུས་ལྟར་མངོན་འགྱུར་བྱེད་པ་དང་། འཐབ་ཇུས་ལས་འགན་གལ་ཆེན་དང་བཟོ་སྐྲུན་ལས་གཞི་གཙོ་བོ165ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་ཕན་འབྲས་མངོན་གསལ་ཐོབ་པ་དང་། འཆར་འགོད་ནང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་རྒྱལ་ཁའི་ངང་ཡོངས་འགྲུབ་བྱེད་ངེས་ཡིན་ཟེར།

ཚོགས་ཐོག་ནས་བསྟན་དོན། སྟོབས་ཤུགས་ཡོད་རྒུ་བཏོན་ནས“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”མཇུག་བསྡུ་བའི་བྱ་བ་དང“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”སྒྲིག་བཟོ་བྱ་བ་བཟང་བོར་བསྒྲུབ་སྟེ། ཏན་ཏན་ཏིག་ཏིག་སྒོས་བྱ་བ་བསྒྲུབ་པ་དང་རྒྱལ་ཁ་ཐོབ་མུར་མདུན་དུ་སྐྱོད་པ་དང་། དབུལ་ཐར་མཁྲེགས་གཏོར་ལས་འགན་དང་དམ་དུ་སྦྲེལ་ཞིང་བཙོག་བཟོ་འགོག་བཅོས་ཀྱི་གཏན་ཤུགས་ཇེ་ཆེར་གཏོང་བ་སྲུང་འཛིན་བྱེད་པ་དང་། ཉེན་ཁ་གཙོ་བོར་དོགས་ཟོན་དང་ཞི་འཇགས་སུ་གཏོང་བའི་བྱ་བ་དམ་འཛིན་བྱེད་པ། དམངས་ཚིས་ལེགས་བཅོས་བྱ་བ་ལྷོད་གཡེང་དུ་མི་གཏོང་བར་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

    གྲོས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན།  ཕྱོགས་གང་ཅིའི་ཐད་ནས་སེམས་ཤུགས་ཡོད་ཚད་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་བྱེད་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཕེལ་རྒྱས་ལ་འཆར་འགོད་དང་སྐུལ་འདེད་གཏོང་བའི་ཐོག་སྔར་ལས་གཅིག་བསྡུས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཐོག་ལོ་ངོ་བརྒྱ་ལ་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་སེམས་ལ་བརྟན་པོར་འཆང་དགོས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་དང་། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ་ལོན་པ། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”དུས་སྐབས་སུ་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པའི་བརྡར་ཤ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་ཏེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཕན་ཚུན་སྐུལ་འདེད་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་ཤུགས་རྒྱག་དགོས། བབ་བསྟུན་འཕྲལ་སྒྲུབ་དང་སྟོབས་ཤུགས་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་དགོས། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་སྦྲེལ་མཐུད་དམ་ཚགས་ཡོང་བར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་ཚུགས་པ་དང་གོམ་སྟབས་ཡག་པོ་སྤོ་དགོས་ཞེས་བསྟན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།