ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ནོར་སྲིད་མ་དངུལ་ཐད་ཀར་བཀོལ་བའི་རྐྱེན་སྲོལ་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས།  ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པའི་རེ་བ་བཏོན་པ་དང་། བདེན་དཔང་དོན་དག་དང་ཁེ་ལས་དང་འབྲེལ་བའི་བདག་གཉེར་བྱེད་ཆོག་པའི་དོན་དག་གསལ་བཤད་ཁས་ལེན་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་།  བཅོས་སྒྱུར་ལ་བརྟེན་ནས་ཁེ་ལས་དང་མང་ཚོགས་ཀྱིས་དོན་སྒྲུབ་ལས་སྤེལ་བྱེད་པར་སྟབས་བདེ་སྐྲུན་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱིས་ནོར་སྲིད་མ་དངུལ་ཐད་ཀར་བཀོལ་བའི་རྐྱེན་སྲོལ་ལག་བསྟར་ནན་མོ་བྱེད་པ་དང་། གཞི་ཁྱོན་རང་བཞིན་གྱི་དཀའ་ཁག་སེལ་བའི་སྲིད་ཇུས་མྱུར་དུ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་བས་གྲུབ་འབྲས་མངོན་གསལ་ཐོབ་བཞིན་ཡོད།  ཟླ་དགུ་བའི་ཟླ་མཇུག་བར་ད་ལོར་གསར་དུ་འཕར་སྣོན་བྱས་པའི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་ཁྲི་གཉིས་ཁྲོད་དུ་ས་གནས་ལ་སྒོར་དུང་ཕྱུར་ཁྲི་གཅིག་དང་བྱེ་བ་བདུན་གཏོང་དགོས་པ་དང་། དོན་དངོས་སུ་གྲོང་ཁྱེར་དང་རྫོང་གི་བཀོལ་སྤྱོད་ལས་ཁུངས་ལ་སྒོར་དུང་ཕྱུར་ཁྲི་གཅིག་དང་བྱེ་བ་ལྔ་ས་ཡ་བདུན་བཏང་ནས། ས་གནས་ནོར་ཤུགས་ཐད་ལ་ནུས་ལྡན་ཁ་གསབ་བྱས་ཏེ་ཁྲལ་འཕྲི་ཡོན་གཅོག་དོན་ཐོག་ཏུ་འཁྱོལ་བ་ཁག་ཐེག་བྱས་པར་མ་ཟད། ལས་ཞུགས་འགན་སྲུང་དང་ཚོང་རའི་གཙོ་གཞི་འགན་སྲུང་། དམངས་ཚིས་འགན་སྲུང་བྱེད་པར་རམ་འདེགས་བྱས་པ་དང་། ལས་གཞི་གལ་ཆེན་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་ཐད་ལ་རྒྱབ་སྐྱོར་བྱས། ཕྱིན་ཆད་ཆེ་ཕྱོགས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་ཕན་ནུས་རང་བཞིན་སྲུང་འཛིན་བྱས་ཏེ་མུ་མཐུད་དུ་མ་དངུལ་ཐད་ཀར་བཀོལ་བའི་རྐྱེན་སྲོལ་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། དབང་གཏོང་དོ་དམ་དང་ཞབས་ཞུའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། དུས་སྐབས་སྔོན་མའི་ཚོད་ལྟའི་རྨང་གཞིའི་སྟེང་བདེན་དཔང་དོན་དག་དང་ཁེ་ལས་འབྲེལ་བའི་བདག་གཉེར་བྱེད་ཆོག་པའི་དོན་དག་གསལ་བཤད་ཁས་ལེན་ལམ་ལུགས་ཁྱོན་ཡོངས་ལག་བསྟར་བྱས་ཚེ། ཁེ་ལས་ཕན་ཞིང་དམངས་ལ་སྟབས་བདེ་བཟོ་བ་དང་ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་སྐྲུན་ནུས་པ་སྔར་ལས་ཇེ་ཆེར་གཏོང་བར་མ་ཟད། ཁ་དན་ཚིག་གནས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དེ་ནི་ནུས་པ་ལྡན་ཞིང་ཡུན་རིང་ལ་ཕན་པའི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་ཞིག་ཡིན་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།