ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་དངུལ་རྩའི་ཁྲོམ་གཞུང་གླེང་སྟེགས་ཀྱི་ལོ་ཚོགས་ཐོག“ལས་སྟེགས་ཆེན་མོ་བཞི”གཏོད་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས20ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2020ལོའི་དངུལ་རྩའི་ཁྲོམ་གཞུང་གླེང་སྟེགས་ཀྱི་ལོ་ཚོགས་དེ་ཟླ10བའི་ཚེས21ནས23ཉིན་བར་པེ་ཅིང་དངུལ་རྩའི་ཁྲོམ་གཞུང་དུ་འཚོག་རྒྱུ་ཡིན་ཞིང་། ཀྲུང་གོ་གོ་ལ་ཧྲིལ་པོའི་དངུལ་རྩའི་བཅོས་སྐྱོང་ནང་ཞུགས་རྒྱུ་དང་། དངུལ་རྩའི་ལས་རིགས་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་བྱེད་པ། དངུལ་རྩ་དང་དངོས་ཚན་དཔལ་འབྱོར་མཉམ་འགུལ་བཟང་པོ་བྱེད་པ། རྒྱལ་ཁབ་རིམ་པའི་དངུལ་རྩའི་སྲིད་ཇུས་ཀྱི་དབང་གྲགས་ལྡན་པའི“ལས་སྟེགས་བཞི”ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

དངུལ་རྩའི་ཁྲོམ་གཞུང་གླེང་སྟེགས་དེ2012ལོར་བཙུགས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་གླེང་སྟེགས་སྟེང་ཞུགས་པའི་སྐུ་མགྲོན་ལ་རྒྱལ་ཁབ་ཕྱི་ནང་གི་སྲིད་གཞུང་སྡེ་ཁག་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་བཅས་ཀྱི་འགན་འཁུར་བ་དང་རྒྱལ་སྤྱིའི་མིང་གྲགས་དཔལ་འབྱོར་མཁས་ཅན། ནོ་པེར་བྱ་དགའ་ཐོབ་མཁན་སོགས་ཁྱོན་མི300ལྷག་ཡོད། བྱེད་སྒོ་དེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་གོ་ལ་ཧྲིལ་པོའི་ལྟད་མོ་བར་རྒྱ་ཡིག་དང་དབྱིན་ཡིག་ཐོག་ནས་ཐད་གཏོང་བྱ་རྒྱུ་རེད།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྐབས་འདིའི་གླེང་སྟེགས་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“གོ་ལ་ཧྲིལ་པོའི་འཕོ་འགྱུར་འོག་གི་དངུལ་རྩའི་མཉམ་ལས་དང་འཕོ་འགྱུར”ཞེས་པ་དེ་ཡིན་ལ། གླེང་སྟེགས་ཐོག་ད་དུང་དངུལ་རྩའི་མཉམ་ལས་དང་སྒྱུར་བཅོས། དངུལ་རྩའི་སྒོ་དབྱེ་དང་ཁྲོམ་ར། དངུལ་རྩའི་ཞབས་ཞུ་དང་འཕེལ་རྒྱས། དངུལ་རྩའི་ཚན་རྩལ་དང་གསར་གཏོད་བཅས་གླེང་སྟེགས་4དུས་མཉམ་དུ་བཀོད་སྒྲིག་བྱས་ཤིང་དེའི་ཁྲོད་གྲོས་གཞི26ཚུད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་དངུལ་རྩའི་ཁྲོམ་གཞུང་གླེང་སྟེགས་ཀྱི་ལོ་ཚོགས་དེ་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀྲུང་གོ་མི་དམངས་དངུལ་ཁང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་བཅས་ཀྱིས་མཉམ་སྒྲུབ་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།