ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུ་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་གསུམ་འཕར་སྣོན་བྱུང་བ་ཡར་ཞུ་བྱས་པ་དང་། ཚང་མ་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ། ཧྲང་ཧེ་རུ་ནད་པ་ལྔ་དང་ཐེན་ཅིན་དུ་ནད་པ་གཉིས། ཀོང་ཏུང་དུ་ནད་པ་གསུམ། ཧྲན་ཞི་རུ་ནད་པ་གཉིས། ཧྲན་ཞི་རུ་ནད་པ་གཅིག་བཅས་བྱུང་།
ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་བཅུ་དྲུག་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་སྟོང་གཅིག་དང་བརྒྱ་དང་ཉེར་བདུན་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་ནད་པ་གཅིག་གི་ཇེ་ཉུང་དུ་སོང་།
ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་སོ་དྲུག་ཡོད་པ་དང་དེའི་ནང་དུ་ནད་པ་ལྗིད་མོ་གཅིག་ཡོད། ད་ལྟ་དོགས་ཡོད་ནད་པ་གསུམ་ཡོད་ལ། བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གསུམ་དང་བརྒྱ་དང་ཉེར་གསུམ་ཡོད་པ་དང་། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་གཉིས་དང་བརྒྱད་བརྒྱ་གྱ་བདུན་ལ་སླེབས།
ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་སྟོང་ལྔ་དང་བརྒྱད་བརྒྱ་ཉེར་གཉིས་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་སྟོང་ལྔ་དང་ཉིས་བརྒྱ་ཞེ་གཅིག་ཡོད་པ་དང་། ནད་པ་སྟོང་བཞི་དང་དགུ་བརྒྱ་དོན་གསུམ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བརྒྱ་དང་ལྔ་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་དྲུག་ཡོད་པ་དང་། ནད་པ་ཞེ་དྲུག་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་ལྔ་བརྒྱ་དང་སོ་ལྔ་ཡོད་པ་དང་ནད་པ་བཞི་བརྒྱ་དང་གོ་གཅིག་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བདུན་རྐྱེན་ལམ་དུ་ཤོར། །