རང་རྒྱལ་གྱི་དྲ་རྒྱའི་ལྟ་ཉན་སྤྱོད་མཁན་དུང་ཕྱུར9ལས་བརྒལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བརྒྱད་པའི་ཀྲུང་གོའི་དྲ་རྒྱའི་ལྟ་ཉན་ཚོགས་ཆེན་གྱི་བྱེད་སྒོ་གལ་ཆེན་ཏེ《2020ལོའི་ཀྲུང་གོའི་དྲ་རྒྱའི་ལྟ་ཉན་འཕེལ་རྒྱས་ཀྱི་ཞིབ་འཇུག་སྙན་ཞུ》ཞེས་པ་ཚེས12ཉིན་ཁྲེང་ཏུའུ་རུ་ཁྱབ་བསྒྲགས་བྱས། 2020ལོའི་ཟླ6པའི་བར། རང་རྒྱལ་གྱི་དྲ་རྒྱའི་ལྟ་ཉན་སྤྱོད་མཁན་གྱི་གཞི་ཁྱོན་དུང་ཕྱུར9.01སླེབས་པ་དང་དྲ་དམངས་ཀྱི་བཀོལ་སྤྱོད་བྱེད་ཚད95.8%ཟིན་ཡོད། འདི་ནི་པྲོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་གྱིས་དྲ་དམངས་ཀྱི་རོལ་རྩེད་དགོས་མཁོ་དྲ་ཐོག་ཏུ་སྤོས་ནས་དྲ་རྒྱའི་ལྟ་ཉན་སྤྱོད་མཁན་གྱི་གཞི་ཁྱོན་སྔར་ལས་ཇེ་མང་དུ་འགྲོ་བར་སྐུལ་ཁྲིད་བྱས་པ་རེད།

དེང་སྐབས་བརྙན་ཐུང་སྤྱོད་མཁན་གྱི་གཞི་ཁྱོན་མུ་མཐུད་དུ་མཐོ་རུ་ཕྱིན་ནས་དྲ་སྦྲེལ་གྱི་གཞི་རྩའི་ཉེར་སྤྱོད་དུ་འགྱུར་བཞིན་ཡོད། སྙན་ཞུ་ལས་མངོན་པ་ལྟར་ན། ད་ལོའི་ཟླ6པའི་བར་རང་རྒྱལ་གྱི་བརྙན་ཐུང་སྤྱོད་མཁན་དུང་ཕྱུར8.18སླེབས་ཤིང་དེས་སྤྱིའི་དྲ་དམངས་ཀྱི87.0%ཟིན། དེའི་ཁྲོད་བརྙན་ཐུང་བཀོལ་སྤྱོད་བྱེད་མཁན་མི་རེ་ཉིན་རེར་ཆ་སྙོམས་སྤྱོད་ཡུན་དུས་ཚོད་སྐར་མ110ཡིན་ལ། དེ་དུས་ཐོག་འཕྲིན་གཏོང་ཉེར་སྤྱོད་ཀྱི་བཀོལ་སྤྱོད་བྱེད་ཚད་ལས་བརྒལ། ཀྲུང་གོའི་དྲ་རྒྱའི་ལྟ་ཉན་ལེ་ཚན་ཞབས་ཞུ་མཐུན་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཀྲོའུ་ཅེ་ཡིས། དེང་སྐབས་བརྙན་ཐུང་གི་ནུས་པ་དེ་རོལ་རྩེད་ཁོ་ན་ལས་བརྒལ་ཏེ་འཚོ་བའི་ཕྱོགས་སོ་སོར་སིམ་འཛུལ་བྱས་ཡོད་ལ། གསར་འགྱུར་དང་སློབ་གསོ་སོགས་ཁྱབ་ཁོངས་སྣ་མང་ནང་ཁྱབ་ཡོད་ཅེས་བཤད།

 སྙན་ཞུའི་ནང་མངོན་པར་གཞིགས་ན། དྲ་ཐོག་ཚོང་དོན་ཐད་གཏོང་ནི2020ལོར་འཕར་ཚད་ཆེས་མགྱོགས་ཤོས་ཀྱི་དྲ་སྦྲེལ་བཀོལ་སྤྱོད་ཅིག་རེད། ད་ལོའི་ཟླ6པའི་བར་རང་རྒྱལ་གྱི་དྲ་རྒྱའི་ཐད་གཏོང་བྱེད་མཁན་དུང་ཕྱུར5.62སླེབས་པ་དང་། དེའི་ནང་དྲ་ཐོག་ཚོང་དོན་ཐད་གཏོང་བྱེད་མཁན་དུང་ཕྱུར་3.09ཡོད་པ་དེས་སྤྱིའི་དྲ་དམངས་ཀྱི32.9%ཟིན་ཡོད། དྲ་ཐོག་ཚོང་དོན་ཐད་གཏོང་བྱ་རྒྱུ་དེ་གླེང་མང་བའི་ཐོན་རྫས་གཉེར་ཚོང་བྱེད་སྟངས་ཤིག་ཏུ་བརྩིས་ནས་ས་གནས་ཁག་གི་ཞིང་སྐྱོར་དབུལ་སྒྲོལ་དང་རིམས་ནད་འགོག་སེལ་གྱི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།