ཞི་ཅིན་ཕིང་དང་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་གཉིས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བར་མཉམ་དུ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་གཉིས་ཀྱིས་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བར་མཉམ་དུ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་དང་སཱ་ལེ་གཉིས་ཀྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་སྐབས་སུ། ཀྲུང་གོ་དང་སེ་ནེ་ཀལ་གཉིས་གླེང་སྟེགས་ཀྱི་ཀྲུང་གོའི་ཕྱོགས་དང་ཨ་ཧྥེ་རི་ཁ་གླིང་གི་ཐུན་མོང་ཀྲུའུ་ཞི་ཡིན་པའི་ཆ་ནས། རྒྱ་ཆེའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་དང་མཉམ་དུ་གལ་ཆེ་ཞིང་དམིགས་བསལ་དོན་སྙིང་ལྡན་པའི་དུས་སྐབས་དེར་དགའ་སྟོན་རྟེན་འབྲེལ་ཞུ་འདོད་ཡོད་ཟེར། 

ཞི་ཅིན་ཕིང་དང་སཱ་ལེ་གཉིས་ཀྱིས་བསྟན་དོན། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཐུན་མོང་གྲོས་མོལ་སྤེལ་བའི་སྟེགས་བུ་གལ་ཆེན་ཞིག་དང་དངོས་གཉེར་མཉམ་ལས་ཀྱི་ནུས་ལྡན་རྐྱེན་སྲོལ་ཞིག་ཏུ་གྱུར་ཡོད་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མཉམ་ལས་བྱེད་པའི་དར་ཆ་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་སྲོག་ཤིང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། སྤུས་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བརྩོན་བཞིན་ཡོད་ལ། གླེང་སྟེགས་ཀྱི་མཉམ་ལས་གྲུབ་འབྲས་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ལ་ཁེ་ཕན་བསྐྲུན་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་གླེང་སྟེགས་ཀྱི་པེ་ཅིང་མཐོ་རིམ་གྲོས་ཚོགས་ལ་ལེགས་འགྲུབ་ཆེན་པོ་བྱུང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས་སྔར་ལས་འབྲེལ་བ་དམ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་གཅིག་གྱུར་ཐག་གཅོད་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོ་བསྟན་ཡོད། 

ཞི་ཅིན་ཕིང་དང་སཱ་ལེ་གཉིས་ཀྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ནི་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཚབས་ཆེན་ཞིག་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་གནོད་པ་ཆེན་པོ་བཟོས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་བཟུང་སྟེ། མཉམ་དུ་རིགས་སྣ་ཚོགས་ཀྱི་ཉེན་ཁ་དང་འགྲན་རྩོད་ཐག་གཅོད་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་དེ་ཕྱོགས་མང་རིང་ལུགས་དང་གཉིས་ཕན་མཉམ་རྒྱལ་གྱི་མིག་དཔེ་རུ་འགྱུར་བར་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་འཇོག་འདོད་ཡོད་ཟེར། 

ཞི་ཅིན་ཕིང་དང་སཱ་ལེ་གཉིས་ཀྱིས་ནན་གྱིས་བསྟན་དོན། ང་ཚོས་གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མའི་བར་ལག་རྡང་སྦྲེལ་ནས་མུ་མཐུད་དུ་མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། རྒྱུན་ཆད་མེད་པར་གླེང་སྟེགས་རྐྱེན་སྲོལ་ཕུན་ཚོགས་དང་འཐུས་ཚང་དུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་གླེང་སྟེགས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བའི་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་གོའི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཉིས་སྟོང་རེ་གསུམ་ལོའི་གྲོས་རིམ་སྦྲེལ་མཐུད་བྱེད་པ་དང་། ཕྱོགས་ཡོངས་ནས་གླེང་སྟེགས་ཀྱི་པེ་ཅིང་མཐོ་རིམ་གླེང་སྟེགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཐུན་སྒྲིལ་བྱས་ཏེ་རིམས་ནད་འགོག་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབ་གང་ལེགས་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་སྐུལ་འདེད་གཏོང་བ་དང་། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་མིའི་རིགས་ཀྱི་མཛེས་སྡུག་གི་མ་འོངས་པ་མཉམ་དུ་བསྐྲུན་དགོས། ཉིས་སྟོང་ཉེར་གཅིག་ལོར་སེ་ནེ་ཀལ་ནས་སྤེལ་རྒྱུ་ཡིན་པའི་སྐབས་དང་པོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་གྲོས་ཚོགས་དེས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་ཐུན་མོང་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ཐུབ་པར་ང་ཚོ་ཡིད་ཆེས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།