ཞི་ཅིན་ཕིང་གིས་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་ལ་སློབ་མ་དང་ལས་བྱེད་པས་དོ་སྣང་ཆེན་པོ་ཐོབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་བའི་ཚེས་བཅུ་ཉིན་ཉིས་སྟོང་ཉི་ཤུ་ལོའི་སྟོན་དུས་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་སྐབས། དངོས་ཡོད་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་རྒྱུ་ནི་དེང་སྐབས་ཀྱི་རྙོག་འཛིང་གནས་བབ་ལ་ཁ་གཏད་འཇལ་བ་དང་དཀའ་ཚེགས་ཆེ་བའི་ལས་འགན་ཡོངས་འགྲུབ་བྱེད་པའི་དགོས་མཁོ་གལ་ཆེན་ཡིན་པ་དང་། ན་གཞོན་ལས་བྱེད་པ་འཚར་ལོངས་འབྱུང་བའི་དགོས་ངེས་ཀྱི་རེ་བ་ཡང་ཡིན་ཞེས་ནན་གྱིས་བསྟན། གསུང་བཤད་གལ་ཆེན་དེ་ལ་སློབ་མ་ཡོངས་དང་རྒྱ་ཆེའི་ལས་བྱེད་པའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ། ཚང་མས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ནུས་པ་བདུན་མཐོར་འདེགས་སུ་གཏོང་བའི་རེ་བ་བཏོན་པ་ནི་ན་གཞོན་ལས་བྱེད་པ་འཚར་ལོངས་འབྱུང་བའི་མཛུབ་སྟོན་གལ་ཆེན་དང་ལས་འགན་གཏན་འཁེལ་གསལ་བོ་བྱས་པ་ཡིན་པས། ཚང་མས་ཐོག་མའི་སེམས་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པའི་བྱ་སྤྱོད་ལ་ཅིས་ཀྱང་སྐུལ་མ་གཏོང་བ་དང་།  དོན་དག་སྒྲུབ་འདོད་པ་དང་། དོན་དག་སྒྲུབ་ཐུབ་པ། དོན་དག་སྒྲུབ་ན་འགྲུབ་པ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་གནང་བའི་དུས་རབས་ཀྱི་འགན་འཁྲི་ལྗིད་མོ་ཕྲག་ཏུ་འཁུར་དགོས་པར་སྙམ།

ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་ཞུགས་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ལ། ཐག་གཅོད་དགོས་པའི་གནད་དོན་སྔར་ལས་སྣ་མང་ཡིན་པ་དང་སྔར་ལས་རྙོག་འཛིང་ཡིན། ལས་བྱེད་པས་བྱ་བ་བཟང་བོར་བསྒྲུབ་པའི་ཉེར་མཁོའི་ནུས་པ་སྣ་ཚོགས་ཁྲོད་དུ་ཆབ་སྲིད་ནུས་པ་ནི་གོ་གནས་དང་པོར་འཇོག་དགོས། གཞོན་དར་ལས་བྱེད་པ་རྣམས་ཀྱིས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཁྱོན་ཡོངས་ལ་དམིགས་ཤིང་བྱེ་བྲག་གི་ལག་ལེན་ཐད་ནས་ལས་བྱེད་པ་འཚར་ལོངས་འབྱུང་བའི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་གསལ་བོར་བསྟན་པ་དང་། ང་ཚོས་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་ཡིད་ཆེ་ཇེ་བརྟན་དུ་གཏོང་བའི་མཛུབ་སྟོན་གལ་ཆེན་ཡིན་ཟེར།

ཞི་ཅིན་ཕིང་གིས་ན་གཞོན་ལས་བྱེད་པས་ཞིབ་བཤེར་དང་ཞིབ་འཇུག་ནུས་པ་དང་ཚན་རིག་གི་ཐབས་ཇུས་ནུས་པ། བཅོས་སྒྱུར་མཁྲེགས་གཏོར་ནུས་པ། འཕྲལ་སྒྲུབ་ཐག་གཅོད་ནུས་པ། མང་ཚོགས་ལ་བསྒྲུབ་པའི་བྱ་བའི་ནུས་པ། དོན་འཁྱོལ་ལག་བསྟར་ནུས་པ་བཅས་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན། དེ་བས་སློབ་མ་དང་ལས་བྱེད་པ་རྣམས་ཀྱིས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུར་ཐག་བྱེད་པའི་ཁ་ཕྱོགས་བསྟན་པར་མ་ཟད། རེ་བ་ཞིབ་ཕྲ་བཏོན་པ་དང་། དེ་ལས་བྱེད་པ་འཚར་ལོངས་འབྱུང་བ་དང་ཤེས་ལྡན་མི་སྣར་འགྱུར་བ། བྱ་བ་སྣ་ཚོགས་དངོས་འབེབས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་སྙམ། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།