ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོར་ཧྲིན་ཀྲིན་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ས་ཁུལ་དུ་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་བཅོས་སྒྱུར

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོར་ཧྲིན་ཀྲིན་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ས་ཁུལ་དུ་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

ལག་བསྟར་ཇུས་གཞིའི་ནང་བསྟན་དོན། དཔལ་འབྱོར་དམིགས་བསལ་ས་ཁུལ་བཙུགས་ནས་ལོ་བཞི་བཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ། ཀྲུང་དབྱང་གི་བཅོས་སྒྱུར་རིམ་མཐོའི་ཇུས་གཞི་དང་འཐབ་ཇུས་བཀོད་སྒྲིག་འོག ཧྲིན་ཀྲིན་གྱིས་ཕྱོགས་བསྡུས་དབང་སྤྲད་བཅོས་སྒྱུར་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱེད་པ་ནི་དུས་རབས་གསར་བར་ཧྲིན་ཀྲིན་གྱི་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ཐབས་ལམ་ཞིག་ཡིན་པ་དང་། བཅོས་སྒྱུར་གྱི་རྣམ་པ་དང་བྱེད་ཐབས་གསར་སྐྲུན་བྱེད་པའི་ཁྱོན་ཡོངས་ཀྱི་འཚོལ་ཞིབ་ཞིག་ཀྱང་ཡིན་ཟེར།

ལག་བསྟར་ཇུས་གཞིའི་ནང་བཏོན་པའི་དམིགས་འབེན་གཙོ་བོ་ནི། ཉིས་སྟོང་ཉི་ཤུ་ལོར་རྒྱུ་རྐྱེན་ཚོང་ར་ཅན་གྱི་སྒྲིག་སྦྱོར་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། གྲོང་ཁྱེར་གྱི་བར་སྟོང་གཅིག་གྱུར་གྱིས་བཀོལ་སྤྱོད་བྱེད་པ་སོགས་ཁྱབ་ཁོངས་གཙོ་བོ་རུ་བཅོས་སྒྱུར་བྱེད་ཐབས་གལ་ཆེན་སྐོར་ཞིག་ལག་བསྟར་བྱེད་པ་དང་། སྐོར་དང་པོའི་ཕྱོགས་བསྡུས་དབང་སྤྲད་ལས་དོན་ལག་བསྟར་བྱེད་པའི་རྩིས་ཕྲ་གཏན་འཁེལ་བྱས་ནས། ཚོད་ལྟའི་བྱ་བ་འགོ་བཟང་བོ་འཛུགས་པར་སྐུལ་འདེད་བཏང་། ཉིས་སྟོང་ཉེར་གཉིས་ལོར་ཕྱོགས་སོ་སོའི་ལམ་ལུགས་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཏེ། ལག་བསྟར་དང་ཁྱབ་གདལ་དུ་བཏང་ཆོག་པའི་ལམ་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཆགས་པར་བྱེད་པ་དང་ཚོད་ལྟའི་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱེད་དགོས། ཉིས་སྟོང་ཉེར་ལྔ་ལོར་ཁྱབ་ཁོངས་གལ་ཆེན་དང་གནད་འགག་ལས་རིམ་གྱི་བཅོས་སྒྱུར་ཐད་ནས་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ཚོང་ལྟའི་བཅོས་སྒྱུར་ལས་འགན་ཕལ་ཆེར་ཡོངས་འགྲུབ་བྱས་ནས། རྒྱལ་ཡོངས་ཀྱི་ལམ་ལུགས་འཛུགས་སྐྲུན་ཐད་ལ་དཔེ་སྟོན་གྱི་ནུས་པ་འདོན་རྒྱུ་དེ་རེད།

ལག་བསྟར་ཇུས་གཞིའི་ནང་ཕྱོགས་བདུན་གྱི་ཐད་ལ་རེ་བ་གསལ་བོ་བཏོན། གཅིག རྒྱུ་རྐྱེན་ཚོང་ར་ཅན་གྱི་སྒྲིག་སྦྱོར་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གཉིས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་དགོས། གསུམ། ཚན་རྩལ་གསར་སྐྲུན་ཁོར་ཡུག་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། བཞི། ཆུ་ཚད་མཐོ་བའི་སྒོ་འབྱེད་རང་བཞིན་གྱི་དཔལ་སྦྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། ལྔ། དམངས་ཚིས་ཞབས་ཞུའི་མཁོ་འདོན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། དྲུག སྐྱེ་ཁམས་ཁོར་ཡུག་དང་གྲོང་ཁྱེར་བར་སྟོང་བཅོས་སྐྱོང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། བདུན། འགན་སྲུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།