ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་མང་པོའི་འགོ་གཙོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་གཅིག་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་རྒྱལ་དུ་སྡོད་པའི་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བཀོད་པའི་ཕྱོགས་བསྡུས་གསར་འགྱུར། ཉེ་ལམ། རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་མང་པོའི་འགོ་གཙོ་རྣམས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་དྲ་ཐོག་སོགས་ནས་བསྡུས་པའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་ཕུལ་བ་དང་ཡང་ན་སྤྱི་སྒྲོག་སྤེལ་བ་སོགས་ཀྱི་རྣམ་པར་བརྟེན་ནས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་གཅིག་ལོན་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དང་དེ་མིན་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་བཏོན་པར་གཟེངས་བསྟོད་བྱས་པར་མ་ཟད་ཀྲུང་གོ་དང་མཉམ་ལས་བཟང་བོ་བྱེད་རྒྱུ་ནན་གྱིས་བསྟན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཧྲི་བ་ཐི་ལན་ཏི་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐན་ཏི་སེ་ཡིས་ཚབ་བྱས་ཏེ་ཤིས་ཚིག་ཕུལ། ཁོས་བཤད་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཀྲུང་གོས་ཁྱབ་ཁོངས་སོ་སོ་དང་ལྷག་པར་དུ་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་སུ་བླངས་པའི་གྲུབ་འབྲས་ཀྱིས་བག་ཆགས་ཟབ་མོ་བཞག་ཡོད་པ་དང་། ཕྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་སུ་ཀྲུང་གོས་ཧ་ཅང་དབུལ་ཕོངས་ཡིན་པའི་རྒྱལ་ཁབ་ལ་རོགས་སྐྱོར་བྱས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཅི་ཐུའུ་དབྱི་ཡིས་བཤད་དོན། ཀྲུང་གོ་ནི་འཛམ་གླིང་ཡོངས་སུ་འཕེལ་རྒྱས་ཀྱི་དཔེ་སྟོན་སར་གྱུར་བ་དང་། སྔར་ལས་མང་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་མ་བཏང་ཟེར།

མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཉོ་ཚོང་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རིན་ཚབ་མ་ཏོ་ལོ་ཞི་ཐིན་པོ་ཡིས་བཤད་དོན། ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱལ་ཁོངས་བརྒལ་བའི་ཀུང་ཟི་གང་མང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱས་པར་མ་ཟད་སྔར་ལས་མང་པོའི་ཁེ་ལས་ཆུང་འབྲིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཟེར།

རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་མ་ཏེན་ཆོན་ཀུང་གིས་ཀྲུང་གོས་རྒྱུན་མཐུད་འཕེལ་རྒྱས་དང་རྒྱལ་སྤྱིའི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་ཁས་བླངས་པར་གཟེངས་བསྟོད་བྱེད་པའི་ཚུལ་བསྟན། ཁོས་བཤད་དོན། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་གྱིས་ཀྲུང་གོ་དང་མཉམ་ལས་བཟང་བོ་བྱས་ཏེ་འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་མཉམ་དུ་འབད་བརྩོན་བྱེད་རྒྱུར་རེ་སྒུག་བྱས་ཡོད་ཟེར།

ཅི་ལིས་པ་ཡི་ཙུང་ཐུང་མ་མའོ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་གཅིག་ལོན་པར་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོས་བླངས་པའི་གྲུབ་འབྲས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ལ་སྐུལ་ལྕག་བཏང་ཞེས་བསྟན། ཁོས་བཤད་དོན། ཅི་ལིས་པ་དང་ཀྲུང་གོས་འབྲེལ་བ་སླར་གསོ་བྱས་ནས་ལོ་གཅིག་གི་རིང་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་བ་དང་མཉམ་ལས་བྱས་པའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཟེར།

ཧྥི་ཅི་རྒྱལ་ཁབ་ཀྱི་ཙུང་ལི་མུའུ་པད་ཉི་མ་ལ་མ་ཡིས་ཀྲུང་གོས་མགྱོགས་མྱུར་དང་ནུས་ལྡན་སྒོས་པྲོག་གསར་གློ་ཚད་རིམས་ནད་ཚོད་འཛིན་བྱས་པར་གཟེངས་བསྟོད་བྱས་པ་དང་ཀྲུང་གོ་སྲིད་གཞུང་གིས་རིམས་ནད་བྱུང་བའི་སྐབས་སུ་ཧྥི་ཅི་རྒྱལ་ཁབ་ལ་རིན་ཐང་བྲལ་བའི་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཧྥི་ཅི་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་སྲོལ་རྒྱུན་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཅེས་ནན་གྱིས་བསྟན།

སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་གྱིས་བཤད་དོན། འདས་པའི་ལོ་དོན་གཅིག་གི་རིང་ལ། ཀྲུང་གོས་ཁྱབ་ཁོངས་སོ་སོ་རུ་ཀུན་གྱིས་མཐོང་ཆེན་བྱེད་པའི་གྲུབ་འབྲས་བླངས་བ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་དེ་མིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁེ་ཕན་སྐྲུན་པའི་ཕྱོགས་སུ་ནུས་པ་གལ་ཆེན་བཏོན་པར་སུའུ་ཏན་ཕྱོགས་ཀྱིས་གཟེངས་བསྟོད་བྱེད་པ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།