ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣས་རྣམ་པ་མི་འདྲ་བའི་སྒོ་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་གཅིག་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། བསྟུད་མར་ཉིན་འགའི་རིང་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣས་རྣམ་པ་མི་འདྲ་བའི་སྒོ་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་གཅིག་ལོན་པར་རྟེན་འབྲེལ་ཞུས།

ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་གྱིས་བཤད་དོན། ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་གཅིག་ལོན་པར་རྟེན་འབྲེལ་ཞུ་བ་ཡིན། ཀྲུང་གོ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མི་དམངས་དབུལ་ཐར་ཕྱུག་སྒྱུར་བྱེད་པར་སྐུལ་འདེད་བཏང་བའི་དཔེ་སྟོན་ཡིན། ང་ཚོས་ཕ་ཁི་སི་ཐན་མི་དམངས་དང་ཀྲུང་གོའི་མི་དམངས་བར་གྱི་མཛའ་བཤེས་ཟབ་མོ་དང་འཐབ་ཇུས་གྲོགས་པོའི་འབྲེལ་བར་གཅེས་སྐྱོང་བྱེད་པ་ཡིན་ཟེར།

རང་རྒྱལ་གྱི་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་རུ་རྒྱུན་སྡོད་བྱས་པའི་དོན་སྒྲུབ་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་ཚབ་ཚོགས་པས་དྲ་ཐོག་ཏུ་བྱེད་སྒོ་སྤེལ་ནས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུས། འཛམ་གླིང་ཚོང་དོན་རྩ་འཛུགས་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས། རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་འཕེལ་རྒྱས་ཚོགས་འདུ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་གདེང་འཇོག་གང་ལེགས་བྱས་པར་མ་ཟད། ད་ལོར་ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ལེགས་འགྲུབ་བྱུང་བའི་དུས་མཚུངས་སུ། དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་གྲུབ་འབྲས་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་དེ་མིན་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་སྔར་ན་མེད་པའི་གོ་སྐབས་བསྐྲུན་ཞེས་བསྟན།

གཞན་ད་དུང་ཁྲའོ་ཞན་དང་ཝ་ནུ་ཨ་ཐུའུ། མ་ལ་ཝེ། ཨན་ཀོ་ལ་སོགས་རྒྱལ་ཁབ་ཏུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ཀྱང་རྒྱལ་སྟོན་བྱེད་སྒོ་སྤེལ་ཞིང་། ལས་རིགས་ཁག་གི་མི་སྣས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་མ་འོངས་པར་ཀྲུང་གོ་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱུའི་རེ་བ་བཅངས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།