ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཧ་མུས་ཏི་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིི་གློག་འཕྲིན་ལྟརན་ན། ཟླ་བཅུ་བའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་བྷང་ག་ལའི་ཙུང་ཐུང་ཧ་མུས་ཏི་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་དང་བྷང་ག་ལའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་ཞིང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་གཉིས་ཕན་མཉམ་ལས་རྒྱ་སྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱས་པ་དང་། ལག་རྡང་སྦྲེལ་ཏེ་རིམས་ནད་ལ་འགོག་རྒོལ་བྱས་ནས་ཀྲུང་གོ་དང་བྷང་ག་ལའི་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་བཏང་། བདག་གིས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཙུང་ཐུང་ཧ་མུས་ཏི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པར་མཉམ་དུ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་བྷང་ག་ལའི་འཐབ་ཇུས་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཧ་མུས་ཏི་ཡིས་བཤད་དོན། བྷང་ག་ལ་དང་ཀྲུང་གོའི་འབྲེལ་བ་ཉིན་རེར་འཕེལ་རྒྱས་སུ་འགྲོ་བ་དང་གནད་འགག་ཁྱབ་ཁོངས་སུ་མཉམ་ལས་ཆེན་པོ་བྱེད་ཀྱིན་ཡོད་པས་བྷང་ག་ལ་ཕྱོགས་ཀྱིས་དེ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ཁྲོད་དུ་རྒྱུན་མཐུད་སྒོས་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་བདག་གིས་བཀའ་དྲིན་ཆེ་ཞུ་བ་ཡིན། རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་འབྲེལ་བ་མ་འོངས་བར་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བདག་ལ་ཡིད་ཆེས་ཡོད་ཟེར།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་བྷང་ག་ལའི་ཙུང་ལི་ཧ་ཞི་ནཱ་རྣམ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་བྷང་ག་ལའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བརྟན་འཇགས་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར། ཧ་ཞི་ནཱ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་དོན། རྒྱལ་ཁབ་གཉིས་བར་དུ་ཉམས་སད་ཐེག་པའི་མཛའ་བཤེས་དང་མཉམ་ལས་ཀྱིས་བྷང་ག་ལ་དང་ཀྲུང་གོ་བར་གྱི་འཇབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་སྐུལ་འདེད་ཆེན་པོ་བཏང་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།