ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་པེ་ཅིན་འཛམ་གླིང་བུད་མེད་ཚོགས་ཆེན་འཚོགས་ནས་ལོ་ཉེར་ལྔ་འཁོར་བར་དྲན་གསོ་ཞུ་བའི་མཐོ་རིམ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་བའི་ཚེས་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྟེང་པེ་ཅིན་འཛམ་གླིང་བུད་མེད་ཚོགས་ཆེན་འཚོགས་ནས་ལོ་ཉེར་ལྔ་འཁོར་བར་དྲན་གསོ་ཞུ་བའི་མཐོ་རིམ་ཚོགས་འདུའི་ཐོག་བརྙན་ལམ་ནས་གསུང་བཤད་གལ་ཆེན་གནང་ནས། བུད་མེད་ལ་རིམས་ནད་ཀྱི་ཤུགས་རྐྱེན་ལས་ཐར་བར་རོགས་རམ་བྱས་ནས་ཕོ་མོ་འདྲ་མཉམ་ངང་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུའི་འདོད་ཚུལ་བཏོན་པ་དང་། བུད་མེད་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཉིས་སྟོང་ཉེར་ལྔ་ལོར་སླར་ཡང་གོ་ལ་ཧྲིལ་པོའི་བུད་མེད་མཐོ་རིམ་གྲོས་ཚོགས་འཚོག་རྒྱུའི་གྲོས་འགོ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། བུད་མེད་ནི་མིའི་རིགས་ཀྱི་དཔལ་ཡོན་གསར་སྐྲུན་བྱེད་མཁན་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་མཁན་ཡིན་པས། ལས་རིགས་ཁག་ཏུ་སྤྱིར་བཏང་མིན་པའི་གྲུབ་འབྲས་སྐྲུན་བཞིན་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་བཞིན་ཡོད། རྒྱ་ཆེའི་བུད་མེད་སྨན་བཅོས་མི་སྣ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་མི་སྣ། ཚན་རྩལ་མི་སྣ། གཞིས་ཁུལ་གྱི་ལས་དོན་མི་སྣ། དང་བླངས་པ་སོགས་ཀྱིས་དཀའ་ངལ་དང་ཉེན་ཁར་མི་སྐྲག་པར་ཉིན་མཚན་མེད་པར་འབད་འཐབ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བརྟན་སྲུང་བྱས་ཡོད། ལས་ལ་བརྩོན་ཞིང་བློ་རིག་ལ་བརྟེན་ནས་ཚེ་སྲོག་སྲུང་སྐྱོབ་དང་ཚེ་སྲོག་སྐྱོབ་པའི་བརྗིད་ཉམས་ལྡན་པའི་སྙན་རྩོམ་འབྲི་བཞིན་ཡོད། ང་ཚོས་ཁོ་མོ་ཚོར་བསྟོད་པ་བྱེད་དགོས། ཀྲུང་གོས་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ཆེས་གལ་ཆེ་བའི་དུས་སྐབས་སུ། ཀྲུང་གོའི་བུད་མེད་ཁྲི་སྟོང་མང་པོས་སྙིང་སྟོབས་དང་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་སྨན་པའི་བྱམས་སེམས་གསལ་བཤད་བྱས་ཡོད། འགན་འཁྲི་འཁུར་བ་དང་ལེགས་སྐྱེས་སུ་ཕུལ་ནས་བདེ་འཇགས་ལ་ཁག་ཐེག་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ་ཉེར་ལྔ་ཡི་རིང་པེ་ཅིན་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་དགོངས་དོན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བུད་མེད་ཀྱི་སྤྱི་ཚོགས་གནས་བབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། “གནམ་གྱི་ཕྱེད་ཀའི”ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་པ། ཕོ་མོ་འདྲ་མཉམ་དང་བུད་མེད་ལ་དབང་ཆ་སྤྲད་པ་དེ།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ》གྱི་དམིགས་ཚད་གལ་ཆེན་དུ་གྱུར་ཡོད། གློ་ཚད་ཀྱི་རིམས་ནད་ད་དུང་གོ་ལ་ཧྲིལ་པོར་མཆེད་པ་དང་བུད་མེད་ལ་འགྲན་སློང་དེ་བས་ཆེ་བ་འཕྲད་ཡོད། རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ལྷག་པར་དུ་བུད་མེད་ཀྱི་དམིགས་བསལ་དགོས་མཁོར་དོ་ཁུར་བྱས་ནས།《པེ་ཅིན་བསྒྲགས་གཏམ》དང《ལག་ལེན་རྩ་འཛིན》དོན་འཁྱོལ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་དེའི་ཐད་འདོད་ཚུལ་ཁག་བཞི་བཏོན་པ་སྟེ། གཅིག་ནས་བུད་མེད་རིམས་ནད་ཀྱི་ཤུགས་རྐྱེན་ལས་ཐར་བར་རོགས་རམ་བྱེད་དགོས། གཉིས་ནས་ཕོ་མོ་འདྲ་མཉམ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གསུམ་ནས་བུད་མེད་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། བཞི་ནས་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕོ་མོ་འདྲ་མཉམ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན། ཀྲུང་གོས་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྒྱ་ལྷག་ཚུད་པའི་བུད་མེད་ཀྱི་ཁེ་དབང་ཁྱོན་ཡོངས་ནས་འགན་སྲུང་བྱེད་པའི་བཅའ་ཁྲིམས་མ་ལག་བཙུགས་ཡོད་ཅིང་། འོས་འགན་སློབ་གསོའི་ཕོ་མོའི་ཁྱད་པར་གཞི་རྩའི་ཆ་ནས་མེད་པར་བཟོས་ཏེ། སྤྱི་ཚོགས་ཡོངས་ཀྱི་ལས་ཞུགས་མི་སྣའི་བུད་མེད་ཀྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆའི་བཞི་ལས་བརྒལ་ཡོད། ལོ་ལྔའི་གོང་ངས་གོ་ལ་ཧྲིལ་པོའི་བུད་མེད་མཐོ་རིམ་གྲོས་ཚོགས་འཚོག་རྒྱུའི་གྲོས་འགོ་བཏོན་ནས་གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་གྲོས་འགོ་རབ་དང་རིམ་པ་བཏོན་པས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་ཡོད། ང་ཚོས་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། ཀྲུང་གོས་ཉིས་སྟོང་ཉེར་ལྔ་ལོར་སླར་ཡང་གོ་ལ་ཧྲིལ་པོའི་བུད་མེད་མཐོ་རིམ་གྲོས་ཚོགས་འཚོག་རྒྱུའི་གྲོས་འགོ་བཏོན་ཡོད་ཟེར།

མཇུག་ཏུ་ཞི་ཅིན་ཕིང་གིས་བསྟན་དོན། བུད་མེད་ལ་མཐོང་ཆུང་མི་བྱེད་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས། ཁོང་ཡངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་པར་ད་དུང་ལམ་ཐག་རིང་པོ་ཞིག་བསྐྱོད་དགོས་པས་སྔར་བཞིན་འབད་བརྩོན་ཆེན་པོ་བྱེད་དགོས། ང་ཚོས་མུ་མཐུད་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཕོ་མོ་འདྲ་མཉམ་དང་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།