ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དབུ་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དབུ་ཚོགས་སྟེང་བརྙན་ལམ་བརྒྱུད་དེ་གསུང་བཤད་གལ་ཆེན་གནང་ནས་བསྟན་དོན། རྒྱལ་ཁབ་ཁག་གིས་སྐྱེ་ཁམས་དཔལ་ཡོན་རྒྱུན་འཁྱོངས་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། ཀྲུང་གོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཧུར་ཐག་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་སྡེའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་སྣོན་དང་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར་དོན་ལྔ་ལོན་པའི་སྐབས་སུ། རྒྱལ་ཁབ་ཁག་གིས་གློ་ཚད་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་དམིགས་བསལ་དུས་སྐབས་འདིར་འབད་བརྩོན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་དབུ་ཚོགས་བསྡུས་པར་དངོས་ཡོད་དང་གཏིང་ཟབ་ཡུན་རིང་གི་དོན་སྙིང་ཆེན་པོ་ལྡན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་གོ་ལ་ཧྲིལ་པོའི་སྟེང་སྐྱེ་དངོས་རིགས་རྩ་མེད་དུ་འགྲོ་ཚད་ཟམ་མི་ཆད་པར་ཇེ་མགྱོགས་སུ་ཕྱིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ཤོར་བཞིན་པ་དང་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བ་དེས་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་འགྲོ་རྒྱུར་ཉེན་ཁ་ཚབས་ཆེན་བཟོས་ཡོད། གློ་ཚད་ཀྱི་རིམས་ནད་གསར་པས་ང་ཚོར་མི་དང་རང་བྱུང་ཁམས་ནི་ལས་དབང་གཅིག་པའི་ཚོགས་སྡེ་ཞིག་ཡིན་པ་གསལ་བཤད་བྱས་ཡོད། ང་ཚོས་སེམས་ཤུགས་གཅིག་སྒྲིལ་དང་བྱ་སྤྱོད་དམ་འཛིན། འཕེལ་རྒྱས་གཏོང་ཞོར་སྲུང་སྐྱོབ་བཅས་བྱེད་དགོས་ལ། སྲུང་སྐྱོབ་ཁྲོད་འཕེལ་རྒྱས་བཏང་སྟེ་བྱ་དངོས་ཡོད་ཚད་ལ་འཆམ་མཐུན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས་ཟེར།

ཞི་ཅིན་ཕིང་གིས་དེའི་ཐད་གྲོས་འགོ་ཁག་བཞི་བཏོན་པ་སྟེ། གཅིག་ནས་སྐྱེ་ཁམས་དཔལ་ཡོན་རྒྱུན་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་གྱི་སྒུལ་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། གཉིས་ནས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། གསུམ་ནས་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་རིམས་ནད་རྗེས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སླར་གསོའི་གསོན་ཤུགས་སྐྱེད་སྲིང་བྱེད་དགོས། བཞི་ནས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ཁོར་ཡུག་གི་འགྲན་སློང་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ལ་བརྟེན་ནས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་བཞིན་ཡོད་ཅིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་མངོན་གསལ་གྱི་གནས་བབ་སྟེང་བཞག་ནས་སྲིད་ཇུས་ཀྱི་བྱ་སྤྱོད་ནུས་ལྡན་སྤྱོད་ཀྱིན་ཡོད། འདས་ཟིན་པའི་ལོ་བཅུ་ཡི་ནང་ནགས་ཚལ་ཐོན་ཁུངས་ཀྱི་འཕར་ཚད་སྤྱི་ཆིང་བྱེ་བ་བདུན་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་མདུན་གྲས་སུ་སླེབས་ཡོད། དེ་མིན་ད་དུང་དུས་ཡུན་རིང་བ་དང་གཞི་ཁྱོན་ཆེན་པོས་བྱེ་ཐང་ཅན་དང་ཐང་རྒོད་ཅན་བཅོས་སྐྱོང་བྱེད་པ་དང་། འདམ་ར་སྲུང་སྐྱོང་དང་ཉམས་གསོ་ནུས་ལྡན་བྱེད་པ། སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་བསྡུ་རུབ་དང་ཉར་ཚགས་བྱེད་ཚད་ཀྱང་འཛམ་གླིང་གི་མདུན་གྲས་སུ་སླེབས་ཡོད་ཟེར།

མཇུག་ཏུ་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་སང་ལོར་ཁུང་མིན་ནས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་འཚོག་རྒྱུ་ཡིན་པས། ཚང་མ་སང་ལོར་ཁུང་མིན་དུ་འཛོམས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱས་ནས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།