ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འཁེལ་བྱེད་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་དགུ་ཉིན་བར་པེ་ཅིན་ནས་འཚོགས་རྒྱུ་ཐག་བཅད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འཁེལ་བྱས་པའི་སྐོར་གྱི་མ་ཡིག་ལ་ཏང་ཕྱི་ནང་གི་ཁྱབ་ཁོངས་དང་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ཐེངས་འདིའི་གྲོས་ཚོགས་ནས་གྲོས་བསྡུར་བྱས་པའི་བསམ་འཆར་ལ་བཟོ་བཅོས་བྱས་རྗེས་ཡིག་ཆའི་མ་ཡིག་དེ་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བར་སྤྲད་ནས་གྲོས་ཞིབ་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་དུས་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སྐབས། ངེས་པར་དུ་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་ཅིས་ཀྱང་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་གཙོ་གཞི་ཡིན་པའི་གོ་གནས་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་པ་དང་དམངས་ཚིས་ལེགས་བཅོས་ནུས་པ་ཇེ་ཆེར་གཏོང་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཅིས་ཀྱང་གསར་སྐྲུན་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གང་ལེགས་སྒོས་བསྒྱུར་བ་དང་སྤུས་ཚད་སྒྱུར་བཅོས་དང་ནུས་ཚད་སྒྱུར་བཅོས། སྒུལ་ཤུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་སྒོ་འབྱེད་ཅིས་ཀྱང་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་ནུས་ཚད་ཇེ་ཆེར་གཏོང་བར་ཕན་ཞིང་སྤྱི་ཚོགས་ཡོངས་ཀྱི་བརྩོན་སེམས་སྐུལ་བར་ཕན་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་གལ་ཆེན་འཐུས་ཚང་དུ་གཏོང་དགོས། ཁོངས་གཏོགས་འདུ་ཤེས་ཅིས་ཀྱང་རྒྱུན་འཁྱོངས་བྱས་ཏེ། རྩ་བ་དང་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཁྱད་སྟོབས་འདོན་སྤེལ་བྱེད་པ། ཞན་ཆ་དང་མི་འདང་ས་ཁ་གསབ་བྱེད་པར་ཤུགས་སྣོན་པ་དང་། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་འགོག་སྲུང་དང་ཞི་འཇགས་སུ་གཏོང་བར་ཡིད་འཇོག་བྱེད་དགོས། འཆར་འགོད་གཏན་འཁེལ་དང་དངོས་འབེབས་རྐྱེན་སྲོལ་ཆ་ཚང་དུ་བཏང་སྟེ་ཏང་ཀྲུང་དབྱང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཕེལ་རྒྱས་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་གཏན་ཁེལ་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཐུན་མོང་གཅིག་གྱུར་འགོ་ཁྲིད་ལ་རྦད་ཆོད་སྒོས་སྲུང་སྐྱོབ་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་པས། ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་བ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་ནས་རླབས་ཆེན་རྒྱལ་ཁ་ལེན་པར་དོན་སྙིང་གལ་ཆེན་ལྡན། སྲོལ་ཡིག་ལས་ཏང་ཀྲུང་དབྱང་གི་འགོ་ཁྲིད་གོ་གནས་དང་འགོ་ཁྲིད་སྒྲིག་སྲོལ། འགོ་ཁྲིད་འགན་དབང་། འགོ་ཁྲིད་རྣམ་པ། ཐབས་ཇུས་བཀོད་སྒྲིག རང་སྟེང་གི་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ཁྱོན་ཡོངས་ནས་གཏན་འཁེལ་བྱས་ཡོད་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བར་ཤུགས་སྣོན་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཟེར།

ཚོགས་ཐོག་ནས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུའུ། དེ་མིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣས་སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་དང་སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་ནན་མོ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པར་སྣེ་ཁྲིད་བྱེད་པ། རང་ཉིད་ལ་རེ་བ་ནན་མོ་འཛིན་པར་སྣེ་ཁྲིད་དེ་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་དཔེ་སྟོན་གྱི་ནུས་པ་འདོན་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྲོལ་ཡིག་གྱི་དགོངས་དོན་ལག་བསྟར་བྱེད་པའི་ཆབ་སྲིད་རང་རྟོགས་ཇེ་དྲག་ཏུ་བཏང་ནས། སྲོལ་ཡིག་གི་དགོངས་དོན་དང་རེ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་སྣ་ཚོགས་ཁྲོད་དུ་དངོས་འབེབས་གང་ལེགས་བྱེད་རྒྱུ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།