ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འབྲི་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོང་གི་རྒྱབ་ཤ་དཀར་པོའི་དེབ་ཐོག་མ་བཏོན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས《འབྲི་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་ཞིང་། དེ་ནི་འབྲི་ཆུ་རྒྱུག་ཁུལ་གྱི་ཁྲིམས་འཛིན་སྲུང་སྐྱོང་སྐོར་གྱི་རང་རྒྱལ་ཁྲིམས་ཁང་གི་རྒྱབ་ཤ་དཀར་པོའི་དེབ་ཐོག་མ་ཡིན་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། 2016ལོའི་ཟླ་དང་པོ་ནས་བཟུང་། འབྲི་ཆུ་རྒྱུག་ཁུལ་གྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་གི་བླང་བྱ་ནན་ཤོས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁོར་ཡུག་ཐོན་ཁུངས་ཀྱི་ཉེས་དོན་གྱོད་གཞི་སྣ་ཚོགས80356དང་། དམངས་དོན་གྱོད་གཞི་ཁག287119 སྲིད་འཛིན་གྱོད་གཞི་ཁག122215 སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག4944བཅས་དང་དེ་བཞིན་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་བཏང་བར་སྐྱིན་ཚབ་འཇལ་བའི་གཏུག་བཤེར་གྱོད་གཞི་ཁག91བཅས་ཁྲིམས་ལྟར་འདྲི་ཞིབ་བྱས་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཐའོ་ཁའེ་ཡོན་གྱིས་མི་དམངས་ཁྲིམས་ཁང་གིས་ཆུའི་སྦགས་བཙོག་འགོག་བཅོས་དང་། ཆུའི་སྣོད་བཅུད་སྲུང་སྐྱོང་། ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བཅས་ཀྱི་གྱོད་གཞི་ཁྲིམས་ལྟར་འདྲི་ཞིབ་བྱས་ཏེ། དྭངས་གཙང་ཆུ་མོ་སྲུང་སྐྱོང་གི་དམག་འཐབ་ཡག་པོ་ཧུར་ཐག་བརྒྱབ་ཡོད། རླུང་ཁམས་ཆེན་པོའི་སྦགས་བཙོག་དང་། ས་རྒྱུའི་སྦགས་བཙོག ནགས་ཤིང་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་བཅས་ཀྱི་གྱོད་གཞི་ཁྲིམས་ལྟར་འདྲི་ཞིབ་བྱས་ཏེ། རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་གཞི་གཅིག་ཏུ་འགྱུར་བར་སྲུང་སྐྱོང་བྱས་ཡོད། རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོང་ཁུལ། མཚོ་མཚེའུ་དང་ཆུ་མཛོད་ཁུལ། གཙང་པོ་དང་མཚོ་མཚེའུ་ཡི་འགྲམ་ངོགས་སོགས་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་མ་ལག་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁྲིམས་ལྟར་འདྲི་ཞིབ་བྱས་པས་སྣོད་བཅུད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་གཅིག་གྱུར་བྱུང་ནས་མ་ཡུམ་ཆུ་བོར་ནམ་ཡང་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།