ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྒྲིག་ལུགས་བྱ་བར་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱ་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྒྲིག་ལུགས་བྱ་བར་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱ་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། མཉམ་འབྲེལ་དྲ་རྒྱ་བརྒྱུད་དེ་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྒྲིག་ལུགས་ལ་སྤྱི་ཚོགས་ཡོངས་སུ་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་པ་དང་། དེ་ནི་རང་རྒྱལ་གྱི་ལོ་ལྔའི་འཆར་གཞིའི་སྒྲིག་ལུགས་ལོ་རྒྱུས་སྟེང་དུ་དང་པོ་ཡིན། ཐེངས་འདིའི་བྱ་འགུལ་ལས་གྲུབ་འབྲས་ཐོབ་པ་ཧ་ཅང་བཟང་ཞིང་སྤྱི་ཚོགས་ཞུགས་ཚད་ཧ་ཅང་མཐོ་བ་དང་། འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་གང་མང་བཏོན་ཡོད། འབྲེལ་ཡོད་ལས་ཁུངས་ཀྱིས་དུས་ཐོག་ཏུ་གསེད་བཀྲོལ་དབྱེ་ཞིབ་བྱེད་པ་དང་ནན་ཏན་ཏན་སྒོས་དང་ལེན་བྱེད་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞིའི་ཁྱབ་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ་ལྡན་པ་དང་། མཛེས་པའི་འཚོ་བར་རེ་སྒུག་ཆེན་པོ་བྱས་ཡོད་པ་གང་ལེགས་སྒོས་མཚོན་པར་བྱས་ཡོད། མི་དམངས་ཀྱིས་མཛེས་པའི་འཚོ་བ་རེ་སྙེག་བྱེད་པ་ནི་ང་ཚོས་འབད་འཐབ་བྱེད་པའི་དམིགས་འབེན་ཡིན་པ་དང་། མི་དམངས་ཀྱིས་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་པ་ནི་ང་ཚོའི་རྒྱལ་ཁབ་ཀྱིས་བརྩོན་ལེན་བྱེད་པའི་སྟོབས་ཤུགས་ཡིན། ཐེངས་འདིའི་བྱ་འགུལ་གྱི་ཉམས་མྱོང་དང་སྒྲུབ་སྟངས་ལ་སྤྱི་བསྡོམས་བྱས་ཏེ། ཕྱིན་ཆད་ཀྱི་བྱ་བའི་ཁྲོད་དུ་སྔར་ལས་ལྷག་པའི་སྒོ་ནས་མཉམ་འབྲེལ་དྲ་རྒྱའི་སྟེང་ནས་མི་དམངས་ཀྱི་རེ་བ་དང་ལེན་བྱེད་པ་དང་མི་དམངས་ཀྱི་རིག་སྟོབས་གཅིག་སྡུད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་བློ་བསྡུས་དགེ་འཚོལ་དང་སེམས་ཤུགས་གཅིག་བསྡུས་བྱེད་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྒྲིག་ལུགས་བྱ་བར་བསམ་འཆར་བསྡུ་ལེན་དང་བློ་བསྡུས་དགེ་འཚོལ་བྱེད་པ་དང་། རིམ་མཐོའི་ཇུས་གཞིར་ཤུགས་སྣོན་པ་དང་དམངས་དོན་བློ་འདྲི་རྒྱུན་འཁྱོངས་བྱེད་རྒྱུ་གཅིག་གྱུར་བྱེད་པ། སེམས་ཤུགས་གཅིག་སྒྲིལ་སྒོས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྒྲིག་ལུགས་བཟང་བོ་བྱེད་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་ཆེད། ད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ནས་ཚེས་ཉེར་དགུ་ཉིན་བར་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྒྲིག་ལུགས་བྱ་བར་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱ་འགུལ་སྤེལ་ཏེ། མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་བཅས་ཀྱི་ཁོངས་སུ་གཏོགས་པའི་དྲ་བ་སོགས་སུ་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་ཇུས་འདོན་ཆེད་བསྒྲིགས་ལེ་ཚན་བཙུགས་ནས་སྤྱི་ཚོགས་ཡོངས་ཀྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས། ཐེངས་འདིའི་བྱ་འགུལ་གྱི་རྩ་འཛུགས་ལ་གོ་རིམ་ལྡན་པ་དང་སྤྱི་ཚོགས་ཡོངས་ཀྱི་དོ་སྣང་ཆེན་པོ་ཐོབ་ལ། བསྡོམས་པས་དྲ་ངོས་ནས་བཏོན་པའི་ཇུས་གཞི་ས་ཡ་གཅིག་ལྷག་ལས་བརྒལ་བ་དང་། དེས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྒྲིག་ལུགས་བྱ་བ་བཟང་བོར་བསྒྲུབ་པར་ནུས་ལྡན་དཔྱད་གཞི་འདོན་སྤྲོད་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།