ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝེ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝེ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་ནི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡིན་པ་དང་ཨེ་ཤ་ཡ་དང་འཛམ་གླིང་གི་རྒྱལ་ཁབ་གལ་ཆེན་གཉིས་ཡིན་ལ། ཕྱོགས་གཉིས་བར་དུ་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་འཇར་པན་འབྲེལ་བ་དེ་ཡང་དག་པའི་བགྲོད་ལམ་དུ་ཡང་བསྐྱར་ཞུགས་པར་མ་ཟད་བཟང་ཕྱོགས་སུ་འགྲོ་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་གྱི་སྲིད་གཞུང་གསར་བ་དང་མཉམ་དུ་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་དགོངས་དོན་སྣ་ཚོགས་ལྟར། ལོ་རྒྱུས་སོགས་གནད་དོན་གལ་ཆེན་འོས་འཚམ་སྒོས་ཐག་གཅོད་པ་དང་མུ་མཐུད་དུ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་མི་གཞུང་བརྗེ་རེས་རྒྱ་བསྐྱེད་པར་མ་ཟད། ཧུར་ཐག་སྒོས་དུས་རབས་གསར་བའི་རེ་བ་མཐུན་པའི་ཀྲུང་གོ་དང་འཇར་པན་འབྲེལ་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀར་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྗིད་མོ་ཡོད། ཕྱོགས་གཉིས་ཀྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་དམིགས་ཏེ། ཧུར་ཐག་སྒོས་ཕྱོགས་མང་རིང་ལུགས་དར་སྤེལ་དང་ལག་ལེན་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། རྒྱལ་སྤྱིའི་ཕྱོགས་མང་སྒྲིག་གཞི་དང་ཁུལ་ཁོངས་མཉམ་ལས་ཀྱི་རྐྱེན་སྲོལ་འོག་ཏུ་འབྲེལ་འདྲིས་དང་མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱིས་ལག་རྡང་སྦྲེལ་ཏེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས། ཨེ་ཤ་ཡའི་དར་རྒྱས་གོང་འཕེལ་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཅན་དབྱི་ཝེ་ཡིས་བཤད་དོན། འཇར་པན་ཕྱོགས་ཀྱིས་ཀྲུང་གོར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། འཇར་པན་དང་ཀྲུང་གོའི་འབྲེལ་བ་དེ་ཆེས་གལ་ཆེ་བའི་ཕྱོགས་གཉིས་འབྲེལ་བའི་ཁྲོད་ཀྱི་གཅིག་ཏུ་བརྩི་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱས། བརྟན་འཇགས་ཡིན་པའི་འཇར་པན་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ལ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་འབྲེལ་བ་ཆེན་པོ་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། ད་ལོར་ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བར་གྲོས་མཐུན་འགོད་པ་འགན་སྲུང་བྱེད་རྒྱུ་དང་། འཇར་པན་དང་ཀྲུང་གོ། ཧན་གོའི་རང་མོས་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་ལ་མྱུར་དུ་སྐུལ་འདེད་གཏོང་བར་མ་ཟད། ས་ཁུལ་གྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བརྟན་འཇགས་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།