ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས23ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་བརྙན་རིས་བརྒྱུད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་ལོན་པའི་རིང་ལ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་གལ་ཆེན་བཞག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་ལོན་པར་དྲན་གསོ་ཞུ་བ་གོ་སྐབས་སུ་བཟུང་སྟེ་ཕྱོགས་མང་རིང་ལུགས་ལ་རྦད་ཆོད་སྒོས་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་བཤད་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་ཁས་བླངས་པ་བསྐྱར་བཤད་བྱེད་དགོས། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། བློ་ཐག་རྦད་ཆོད་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་སྲོག་ཤིང་གི་ནུས་པ་འདོན་པ་རྒྱབ་སྐྱོར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་དུ་འཛམ་གླིང་ཡོངས་ལ་ཁྱབ་བཞིན་ཡོད་པས། འཛམ་གླིང་ཡོངས་ཀྱིས་རིམས་འགོག་བྱ་བ་གཏན་ནས་ལྷོད་གཡེང་དུ་གཏོང་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་སྦ་གསང་ཅི་ཡང་མེད་པར་ཕྱོགས་སོ་སོར་ཉམས་མྱོང་དང་སྒྲུབ་སྟངས་ལོངས་སུ་སྤྱོད་དུ་འཇུག་པར་མ་ཟད་མུ་མཐུད་དུ་དགོས་མཁོ་ཆེ་བའི་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་དང་ལྷག་པར་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གནད་འགག་སྐབས་སུ་འགོ་ཁྲིད་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་མཉམ་ལས་དང་མཉམ་སྲུང་མཉམ་འགོག་ལ་ཤུགས་བསྣན་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁས་བླངས་བྱ་བ་ལག་བསྟར་བྱས་ཏེ། འགོག་སྨན་གསར་བཟོ་ཡོངས་འགྲུབ་བྱས་པར་མ་ཟད་དངོས་སུ་བཀོལ་སྤྱོད་བྱས་རྗེས། འགོག་སྨན་དེ་འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་ཐོན་རྫས་བྱས་ནས། འགོག་སྨན་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་ཐུབ་པ་མངོན་འགྱུར་བྱེད་ངེས་ཡིན་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཞི་ཅིན་ཕིང་གིས་པེ་ཅིན་ནས་བརྙན་རིས་བརྒྱུད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་མཇལ་འཕྲད་གནང་།