ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པས་ཚེས24ཉིན་ནས་བཟུང་སྨྱན་སྦྱོར་ཁག་གི་མིང་ཐོ་འགོད་རྒྱུ་དང་ལེན་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་དེ2020ལོའི་ཟླ11པའི་ཚེས5ནས་ཚེས10ཉིན་བར་ཧྲང་ཧའེ་རུ་འཚོགས་རྒྱུ་རེད། སྨྱན་སྦྱོར་ཐོ་འགོད་ཀྱི་ཞབས་ཞུའི་ལས་སྟེགས་ཚེས24ཉིན་ནས་བཟུང་དངོས་སུ་སྒོ་འབྱེད་རྒྱུ་དང་ཟླ10བའི་ཚེས20ཉིན་མིང་ཐོ་འགོད་མཚམས་འཇོག་རྒྱུ་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞིགས་ཏེ་སྐབས་གསུམ་པའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་གཙོ་བོར་རྒྱལ་ནང་གི་སྨྱན་སྦྱོར་ཁག་གི་གསར་འགོད་པ་དང་ཀྲུང་གོའི་སྐམ་ས་ཆེན་མོའི་མངའ་ཁོངས་སུ་ཡོད་པའི་ཀྲུང་གོར་བཅའ་སྡོད་བྱེད་པའི་ཕྱི་རྒྱལ་གྱི་གསར་འགོད་པ། ཤང་ཀང་དང་ཨའོ་མོན་གྱི་སྨྱན་སྦྱོར་གསར་འགོད་པ། ཐའེ་ཝན་གྱི་སྨྱན་སྦྱོར་གསར་འགོད་པ་བཅས་གདན་ཞུ་བྱས་ཡོད་ལ། སྨྱན་སྦྱོར་གསར་འགོད་པ་རྣམས་ཀྱིས་གཞུང་ཕྱོགས་དྲ་ཚིགས་དང་། App དེ་མིན་གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་བཅས་བརྒྱུད་ནས་ཐོ་འགོད་བྱ་ཆོག་པ་རེད།

  སྨྱན་སྦྱོར་གསར་འགོད་པས་བཅར་འདྲི་དང་གནས་ཚུལ་སྤེལ་དུས་སྐབས་གསུམ་པའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་འབྲེལ་ཡོད་བླང་བྱ་གཞི་འཛིན་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་ཀྱི་ནུས་པ་ཇེ་ལེགས་སུ་གཏང་ནས་ཚོགས་ཞུགས་མི་སྣས་དྲ་ཐོག་ནས་ལག་ཁྱེར་འཚོལ་བཤེར་དང་སྒྲུབ་རིམ་རང་འགུལ་ངང་འདྲི་རྩད་བྱ་ཆོག་པའི་བྱེད་ནུས་འདོན་སྤེལ་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་གནས་ཚུལ་གསར་ཤོས་རྒྱུས་ལོན་ཐུབ་པ་བྱས་ནས་ཚོགས་ཞུགས་ཉམས་ལེན་རྒྱུན་མཐུད་ངང་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།