ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཞིང་པའི་ལས་ཞུགས་ཀྱི་བར་མཐོངས་དང་ཡོང་འབབ་ཇེ་མང་དུ་གཏོང་བའི་ཐབས་ལམ་མུ་མཐུད་ནས་རྒྱ་སྐྱེད་དགོས་བར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་ལྔ་པའི་ཞིང་པ་གསར་པ་དང་ལས་རྣམ་གསར་པའི་ལས་གཏོད་གསར་གཏོད་ཚོགས་ཆེན་ཟླ9བའི་ཚེས24ཉིན་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ནི་ཞིང་པའི་ལས་ཞུགས་དང་ཡོང་འབབ་ཇེ་མང་དུ་གཏོང་བ་དང་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་དབྱར་མཚོ་རྒྱས་པ་ལྟར་གོང་ནས་གོང་དུ་འཕེལ་བ་དང་། ཞིང་པ་གསར་པ་རྒྱུན་ཆད་མེད་པར་འཚར་ལོངས་འབྱུང་བཞིན་ཡོད་པ་དང་། ལས་རྣམ་གསར་པ་མང་པོ་ཐོན་ནས་ཞིང་པའི་བདེ་རྩ་ཆེ་རུ་གཏོང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད། ས་ཁུལ་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་ལས་དོན་འབོར་ཆེན་བསྒྲུབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ཁྲིད་སྟོན་དང་། “བརྟན་ལྷིང་དྲུག”གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱ་རྒྱུ། “གློད་སྡོམ་ཞབས་གསུམ”གྱི་བསྒྱུར་བཅོས་དང་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། སྲིད་ཇུས་ཀྱི་རོགས་སྐྱོར་དང་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ། གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ཀྱི་ཁོར་ཡུག་སྔར་ལས་ལེགས་སུ་གཏོང་རྒྱུ། ཤེས་ལྡན་མི་སྣ་སྣ་ཚོགས་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་ནས་ལས་ལམ་གསར་འབྱེད་དང་གསར་གཏོད་བྱེད་པར་འགུག་ཐབས་བྱས་ཏེ་ཞིང་པ་རྣམས་རང་ཡུལ་དང་ཐག་ཉེ་ས་ནས་ལས་ལམ་གསར་འབྱེད་དང་ལས་ཞུགས་བྱ་ཐུབ་པ་བྱ་རྒྱུ། གང་མགྱོགས་སྒོས་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུ། མུ་མཐུད་དུ་ཞིང་པར་ལས་ཞུགས་བར་མཐོངས་དང་ཡོང་འབབ་ཇེ་མང་དུ་གཏོང་བའི་ཐབས་ལམ་རྒྱུན་མཐུད་ངང་རྒྱ་ཆེར་བཏང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།