ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་སློབ་གསོ་རིག་གནས་འཕྲོད་བསྟེན་ལུས་རྩལ་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས22ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་འཐུས་མིའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་བར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར་དང་གྲོས་འགོར་གསན་ནས་ནན་གྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལ་ཏང་ཀྲུང་དབྱང་གིས་དེའི་ཐད་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་གནང་བ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དོན་འཁྱོལ་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་སྣོན་རྒྱུ་དང་རྣམ་པ་གསར་པ་གཏོད་རྒྱུ་བཅས་ལ་འབད་དེ། མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བའི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་ལ་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་བརྟན་སྲུང་བྱས་ནས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་གང་ཐུབ་བྱེད་དགོས། སློབ་གསོ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀུན་སྤྱོད་བཟང་པོར་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་དེ་སློབ་གསོའི་རྩ་བའི་ལས་འགན་དུ་བརྩིས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བའི་ཁྲོད་ཀྱི་སློབ་གསོའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་བསྒྱུར་བཅོས་དང་གསར་གཏོད་ཟབ་སྤེལ་བྱེད་དགོས། སློབ་གྲྭའི་ལུས་རྩལ་དང་མཛེས་རྩལ་རིག་པའི་སློབ་གསོར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ངལ་རྩོལ་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་དགོས། བྱང་ཚད་སློབ་གསོ་འཕེལ་རྒྱས་བཏང་ནས་སློབ་གསོ་དྲང་སྙོམས་ཡོང་བར་བྱེད་དགོས། སློབ་མའི་ཀུན་དང་སྤྱོད་ཤེས་བྱ། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སློབ་མའི་རྒྱལ་གཅེས་བརྩེ་སེམས་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས། གསར་གཏོད་སྙིང་སྟོབས། ལག་ལེན་བྱེད་ནུས་བཅས་གསོ་སྐྱོང་བྱེད་དགོས། འཕེལ་རྒྱས་ཀྱི་གནས་བབ་གསར་པ་དང་འཚམ་པའི་སློབ་གསོའི་གྲུབ་ཚུལ་དང་། རིག་ཚན་དང་ཆེད་ལས་གྲུབ་ཚུལ། ཤེས་ལྡན་མི་སྣ་གསོ་སྐྱོང་གྲུབ་ཚུལ་བཅས་ལེགས་འགྱུར་བྱས་ཏེ། དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རང་རྒྱལ་གྱི་མཐོ་རིམ་སློབ་ཆེན་གྱིས་འགན་འཁྲི་ལྕི་མོ་འཁུར་ཕོད་པ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་ལ་དམིགས་ནས་ལག་རྩལ་མཁྲེགས་གཏོར་བྱེད་ཤུགས་ཇེ་ མགྱོགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུར་གཞི་ཚུགས་པ་དང་ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། ཤར་དབུས་ནུབ་གསུམ་གཞོགས་འདེགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་བར་སྟོང་ཆགས་སྟངས་གང་མགྱོགས་གྲུབ་པར་བྱས་ཏེ། སློབ་གསོའི་ཞབས་ཞུའི་ས་ཁོངས་འཕེལ་རྒྱས་འཐབ་ཇུས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས་སློབ་གསོའི་བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ཆེ་རུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བའི་རླབས་ཆེན་བྱ་གཞག་ཅིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ན། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡོད་མི་སྲིད། རིག་གནས་ཀྱི་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་བཏང་ནས། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་ཟམ་མི་ཆད་པར་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས། གནས་ལྔ་གཞི་གཅིག་གི་སྤྱིའི་འཐབ་ཇུས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། རིག་གནས་ནི་ནང་སྙིང་གལ་ཆེན་ཞིག་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རིག་གནས་ནི་རྟེན་ས་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཆེད་རིག་གནས་ནི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན།     མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་རིག་གནས་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཡིན། རིག་གནས་འཛུགས་སྐྲུན་དར་སྤེལ་བྱ་རྒྱུ་དེ་ལས་དོན་ཡོངས་ཀྱི་མངོན་གསལ་ཆེ་བའི་གནས་སུ་བཞག་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་བརྟེན་ནས་རིག་གནས་འཛུགས་སྐྲུན་དར་སྤེལ་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་བ། རིག་གནས་ཀྱིས་དར་སྲོལ་ལ་སྣེ་ཁྲིད་དང་མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཕུགས་བསམ་དང་ཡིད་ཆེས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས། མི་རྣམས་ལ་འགྲོ་ལམ་གྱི་ཡིད་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས། རིག་གནས་ཀྱི་ཡིད་ཆེས་བཅས་ཇེ་བརྟན་དུ་གཏོང་བ། མི་དམངས་ཡོངས་ཀྱི་བསམ་བློ་དང་སྙིང་སྟོབས་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་གྱི་རྨང་གཞི་ཡིན། མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྙེག་ཀྱང་ཡིན། ཁྱོན་ཡོངས་ལ་གཞི་ཚུགས་པ་དང་རྒྱང་རིང་ལ་དམིགས་བཙུགས་ཏེ། མིག་མདུན་དུ་ལྷགས་པའི་དཀའ་གནད་རྙིང་པ་དང་འགྲན་སློང་གསར་པར་གཅིག་འདུ་བྱས་ཏེ། ཐབས་ཤེས་ངོ་མ་བཏོན་ནས་བྱེད་ཐབས་བཙན་པོ་སྤྱོད་རྒྱུ་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་བདེ་ཐང་དམིགས་སུ་བཀར་ནས་སྔོན་ལ་འཐབ་ཇུས་ཀྱི་གོ་གནས་སུ་འཇོག་དགོས། མི་དམངས་ཀྱི་བདེ་ཐང་ཕྱོགས་ཡོངས་ནས་འགན་སྲུང་གང་ཐུབ་དང་། ལམ་ལུགས་མ་ལག་གང་མགྱོགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་སྲུང་བྱས་ནས་བདེ་ཐང་ལ་ཕན་པའི་འཚོ་བ་སྐྱེལ་སྟངས་དང་ཐོན་སྐྱེད་བྱེད་སྟངས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་སྟངས། བཅོས་སྐྱོང་བྱེད་སྟངས་བཅས་གང་མགྱོགས་ཆགས་པར་བྱེད་དགོས། སྐྱོན་བྲལ་ངང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་སྒོས་འཕེལ་རྒྱས་ཡག་པོ་ཡོང་བར་བྱེད་དགོས། སྔོན་འགོག་གཙོ་བོར་འཛིན་པའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། འགོག་བཅོས་ཟུང་འབྲེལ་དང་ཉམ་འགོག་མཉམ་འཛིན། མང་ཚོགས་ཀྱིས་སྔོན་འགོག་དང་ཚོད་འཛིན་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་མ་དངུལ་འཇོག་པའི་ནང་རྐྱེན་བརྟན་པོ་འཛུགས་དགོས། ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་བཅོས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལུས་རྩལ་ནི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་འདོད་སྐོང་བ་དང་མི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་། ལུས་རྩལ་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་གསར་པར་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ་དང་གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་ཀྱིས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་བཏང་ནས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས། མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་རྒྱུར་དམ་པོར་དམིགས་ནས་ཆུ་ཚད་སྔར་ལས་མཐོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་དགོས། བདེ་ཐང་གི་འགག་སྒོའི་མདུན་དུ་སྤོ་རྒྱུར་སྐུལ་འདེད་བཏང་ནས་ལུས་རྩལ་དང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་གིས་གཞོགས་འདེགས་དང་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པའི་ལུས་རྩལ་གྱིས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ཞིག་བསྐྲུན་དགོས། བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། གཞོན་ནུ་ལོ་ཆུང་གི་རིག་གནས་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཏིང་ཞུའེ་ཞང་དང་སུན་ཁྲུན་ལན། ཁྲིན་ཞིས། ཧོང་ཁུན་མིང་། ཞའོ་ཅེ། ཧོ་ལི་ཧྥིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་གསུམ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།