ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་རིང་བདག་སྐྱོང་གི་འགན་བཅོལ་ལམ་ལུགས་ཚོད་ལྟ་བྱེད་ཁྱོན་ཆེ་རུ་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་པ་དང་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་ཆེད། ཚོད་ལྟ་ལོ་བཞི་ལྷག་ཙམ་བྱས་ཟིན་པའི་ཡུན་རིང་བདག་སྐྱོང་གི་འགན་བཅོལ་ལམ་ལུགས་ཉིན་ཤས་གོང་ཚོད་ལྟའི་གྲོང་ཁྱེར(ཆུས)14མང་དུ་བཏང་བ་རེད། ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་དོན་ནི་རང་ཚུགས་འགན་བཅོལ་རིགས་འཛུགས་རྒྱུར་འཚོལ་ཞིབ་བྱས་ནས་འཚོ་བར་རང་རྐྱ་གཏན་ནས་མི་འཕེར་བར་ཡུན་རིང་བདག་སྐྱོང་གི་འགན་སྲུང་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱ་ཆེད་རེད།

ཚེས16ཉིན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་དང་ནོར་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི《ཡུན་རིང་བདག་སྐྱོང་གི་འགན་བཅོལ་ལམ་ལུགས་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གཞིར་བཟུང་། གསར་དུ་བསྣན་པའི་ཚོད་ལྟའི་གྲོང་ཁྱེར(ཆུས)གྱི་གྲས་སུ། པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཅིང་རི་ཁུལ་དང་། ཐེན་ཅིན་གྲོང་ཁྱེར། ཧྲན་ཤིས་ཞིང་ཆེན་གྱི་ཅིན་ཁྲེང་གྲོང་ཁྱེར། ནང་སོག་རང་སྐྱོང་ལྗོངས་ཀྱི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར། ལེའོ་ཉིང་ཞིང་ཆེན་གྱི་ཕན་ཅིན་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན་གྱི་ཧྥུའུ་ཀྲོའུ་གྲོང་ཁྱེར། ཧོ་ནན་ཞིང་ཆེན་གྱི་ཁའེ་ཧྥུང་གྲོང་ཁྱེར། ཧོ་ནན་ཞིང་ཆེན་གྱི་ཤང་ཐན་གྲོང་ཁྱེར། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ནན་ཉིང་གྲོང་ཁྱེར། ཀུའེ་ཀྲོའུ་ཞིང་ཆེན་གྱི་ཆན་ལྷོ་ནུབ་ཀྱི་པུའུ་དབྱི་རིགས་དང་མེའོ་རིགས་རང་སྐྱོང་ཀྲོའུ། ཡུན་ནན་ཞིང་ཆེན་གྱི་ཁུན་མིང་གྲོང་ཁྱེར། ཧྲའན་ཤིས་ཞིང་ཆེན་གྱི་ཧན་ཀྲུང་གྲོང་ཁྱེར། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་བཅས་ཚུད་ཡོད། སྔར་ཡོད་ཀྱི་ཚོད་ལྟའི་གྲོང་ཁྱེར་དང་། གཙོ་གནད་འབྲེལ་གཏུག་ཞིང་ཆེན་ཡིན་པའི་ཅི་ལིན་དང་ཧྲན་ཏུང་ཞིང་ཆེན་གཉིས་བསྡོམས་ན་ཡུན་རིང་བདག་སྐྱོང་གི་འགན་བཅོལ་ལམ་ལུགས་ཀྱི་ཚོད་ལྟའི་གྲོང་ཁྱེར(ཆུས)ད་ཆ49བར་མང་དུ་ཕྱིན་ཡོད།

བསམ་འཆར་ནང་གསལ་པོར་བསྟན་དོན། གསར་དུ་བསྣན་པའི་ཚོད་ལྟའི་ཁུལ་དུ་འདི་ལོའི་ནང་འགོ་བཙུགས་ནས་ལག་ལེན་བསྟར་རྒྱུ་དང་། ཚོད་ལྟའི་དུས་བཀག་ལོ་གཉིས་ཡིན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་དང་ནོར་སྲིད་པུའུ་ཡི་མོས་མཐུན་མ་ཐོབ་པར་ས་གནས་ཁག་གིས་རང་དགར་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་མི་རུང་། གཞན་ཡང་། བསམ་འཆར་ནང་ད་དུང་ཡུན་རིང་བདག་སྐྱོང་འགན་བཅོལ་གྱི་མ་དངུལ་གྲབས་གསོག་དང་། གླ་ཆ་སྤྲོད་པ། དོ་དམ་ཞབས་ཞུའི་ལམ་སྲོལ་སོགས་ཀྱི་ཐད་དེ་བས་ཞིབ་ཚགས་ཅན་གྱི་གཏན་འབེབས་བཟོས་ཡོད།

2016ལོ་ནས་བཟུང་། རང་རྒྱལ་གྱིས་ཧྲང་ཧའེ་དང་། ཨན་ཧུའེ། ཅི་ལིན། ཧྲན་ཏུང་སོགས་ཀྱི་ས་ཆར་ཡུན་རིང་བདག་སྐྱོང་གི་འགན་བཅོལ་ལམ་ལུགས་ཀྱི་ཚོད་ལྟ་བྱས་པ་རེད། དེ་ནི་རོགས་རེས་མཉམ་རོགས་ཀྱི་བྱེད་སྟངས་ཐོག་ནས་མ་དངུལ་གྲབས་གསོག་བྱས་པ་ཞིག་ཡིན་པ་དང་། འཚོ་བར་རང་རྐྱ་གཏན་ནས་མི་འཕེར་བའི་གཞི་རྩའི་འཚོ་བར་ལྟ་རྟོག་དང་དེ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྨན་བཅོས་བདག་སྐྱོང་ལ་ཞབས་འདེགས་ཞུ་བའམ་ཡང་ན་མ་དངུལ་འགན་སྲུང་གི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཤིག་རེད།

“ཡུན་རིང་བདག་སྐྱོང་གི་འགན་བཅོལ་ལམ་ལུགས་འཛུགས་རྒྱུར་འཚོལ་ཞིབ་བྱེད་རྒྱུ་དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་འཇལ་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད”ཅེས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་ཅིང་། ཁོང་གིས2019ལོའི་ལོ་མཇུག་བར་རང་རྒྱལ་གྱི་ལོ60དང་དེ་ཡན་གྱི་རྒན་རྒོན་གྱི་མི་འབོར་དུང་ཕྱུར2.5ལྷག་ཙམ་ཟིན་པ་དང་། དེའི་ནང་འཚོ་བར་རང་རྐྱ་མི་འཕེར་བའི་རྒན་རྒོན་ཁྲི4000ལྷག་ཡོད་ཅེས་བརྗོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།