ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་བརྒྱད་པར་ཕྱི་དངུལ་ཁྲོམ་རའི་མཁོ་སྤྲོད་གཞི་རྩའི་ཐོག་དོ་སྙོམས་བྱུང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ཉིན་ཤས་གོང་ཟླ8པའི་དངུལ་ཁང་གི་ཕྱི་དངུལ་ཉོ་ཚོང་གྲངས་གཞི་ཡོངས་བསྒྲགས་བྱས་ཤིང་། ཨ་སྒོར་གྱི་རྩིས་ཐང་ལ་གཞིགས་ན། དངུལ་ཁང་གི་ཕྱི་དངུལ་རྩིས་རྒྱག་ཨ་སྒོར་དུང་ཕྱུར1596ཟིན་པ་དང་ཕྱི་དངུལ་ཚོང་སྒྱུར་ཨ་སྒོར་དུང་ཕྱུར1634ཟིན་པ་རེད།

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཟླ8པར་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་མཁོ་སྤྲོད་གཞི་རྩའི་ཐོག་དོ་སྙོམས་བྱུང་བ་དང་། དངུལ་ཁང་མིན་པའི་སྡེ་ཚན་གྱི་རྒྱལ་མཚམས་བརྒལ་བའི་མ་དངུལ་གཙང་འབབ་ཨ་སྒོར་དུང་ཕྱུར127ཟིན་ནས་ཉེ་དུས་ཀྱི་ཆུ་ཚད་མཐོ་ཙམ་དུ་སླེབས་པ་དང་། ཕྱི་དངུལ་གྲབས་གསོག་གཞི་ཁྱོན་བརྟན་པོའི་ངང་འཕར་སྟེ་ཟླ8པའི་ཟླ་མཇུག་དང7པའི་ཟླ་མཇུག་བསྡུར་ན་ཨ་སྒོར་དུང་ཕྱུར102འཕར་ཡོད་པ་རེད། ཟླ8པར་ཐབས་ལམ་གཙོ་བོའི་རྒྱལ་མཚམས་བརྒལ་བའི་མ་དངུལ་འཁོར་རྒྱུག་དེ་མུ་མཐུད་དགེ་མཚན་ལྡན་པའི་འགྱུར་ལྡོག་མངོན་པ་སྟེ། དང་པོ་དངོས་ཟོག་ཚོང་དོན་རྒྱལ་མཚམས་བརྒལ་བའི་གཏོང་ཡོང་ཧེ་བག་འཕར་བ་དང་། གཉིས་པ་ཁེ་ལས་ཀྱི་ཁེ་སྤོགས་བགོ་བཤའི་དུས་ཚིགས་རང་བཞིན་གྱི་མཐོ་རླབས་མཇུག་སྒྲིལ་བ། གསུམ་པ་ཕྱི་དངུལ་རྒྱལ་ནང་དུ་སྤྱོད་པའི་བུན་འཛིན་ཁྲོམ་ར་རྒྱུན་འཁྱོངས་བྱུང་བ་བཅས་རེད་ཅེས་བརྗོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཕྱི་ཕྱོགས་ཁོར་ཡུག་ཁྲོད་ཀྱི་བརྟན་ལྷིང་མིན་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་སྔར་བཞིན་མང་པོ་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་། དཔལ་འབྱོར་ཡུན་རིང་ལེགས་སུ་འགྲོ་བ། ཁྲོམ་རའི་བར་མཐོངས་ཡངས་ཤིང་རྒྱ་ཆེ་བ། འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་བ་བཅས་ཡོད་པས་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་ར་བརྟན་པོ་ཡོང་བར་གཞི་རྩའི་རང་བཞིན་གྱི་འདེགས་སྐྱོར་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།