ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧུའུ་ནན་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་ནན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་རྒྱུ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྒྱག་པ། བརྟན་འཇགས་དྲུག་གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས། འགན་སྲུང་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་གལ་ཆེན་དང་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད། སྐམ་སའི་དབུས་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་བཅས་ཀྱི་མཐོ་ཚད་ཤུགས་ཆེན་པོས་བསྐྲུན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལམ་བུ་གསར་པ་བསྐྲུན་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་ཁྲོད་བྱས་རྗེས་གསར་པ་འཇོག་དགོས། དབུས་རྒྱུད་ས་ཁུལ་དར་རྒྱས་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་གསར་པ་མངོན་པར་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཧུའུ་ནན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་གནས་ཡོད་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ཚང་མར་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་བྱུང་ཡོད། ཡང་དག་པའི་སྒོ་ནས་འགྱུར་ལྡོག་ལ་ངོས་འཛིན་བྱེད་རྒྱུ་དང་ཚན་རིག་དང་མཐུན་པའི་བབ་བསྟུན་འགྱུར་ལྡོག རང་འགུལ་གྱིས་འགྱུར་ལྡོག་ཡོང་ཐབས་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་སྔར་ལས་མཐོང་ཆེན་བྱེད་པ་དགོས་པར་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པར་སྔར་ལས་ལྷག་པའི་སྒོ་ནས་མཐོང་ཆེན་བྱེད་དགོས། ཐོན་ལས་སྒྲིག་གཞི་ལེགས་སྒྱུར་རིམ་སྤོར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། ཐོན་ལས་སྦྲེལ་མཐུད་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ནུས་ལྡན་གྱི་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་སྡོད་དམངས་ཀྱི་འཛད་སྤྱོད་དར་རྒྱས་གཏོང་བར་དོ་སྣང་བྱེད་དགོས། ཐོན་ལས་སྦྲེལ་མཐུད་ལ་དམིགས་ནས་གསར་གཏོད་སྦྲེལ་ཐག་བཀོད་སྒྲིག་དང་། གསར་གཏོད་སྦྲེལ་ཐག་ལ་དམིགས་ནས་ཐོན་ལས་སྦྲེལ་མཐུད་ལ་བཀོད་སྒྲིག་བྱེད་པ། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱེད་པོའི་གོ་གནས་ལ་ཤུགས་སྣོན་རྒྱག་པ་དང་། གྲུབ་འབྲས་གཞན་སྒྱུར་དང་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དམིགས་ཚད་སྣེ་ཁྲིད་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་བློ་སྟོབས་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་སྤྱད་དེ་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མེད་པར་བཟོ་དགོས། རྒྱལ་ཁབ་ཀྱི་སྒོ་འབྱེད་འཐབ་ཇུས་ལ་རང་འགུལ་ངང་ཞབས་འདེགས་ཞུས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་གསར་འབྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འབྲུ་རིགས་བདེ་འཇགས་བརྟན་པོ་ཡོང་བའི་ལས་འགན་ལྕི་མོ་ཕྲག་སྟེང་དུ་འཁུར་ནས་འབྲུ་རིགས་ཀྱི་ཐོན་ནུས་བརྟན་པོའི་ངང་མཐོ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོབ་ཀྱི་འགན་འཁྲི་ཁྱོན་ཡོངས་ནས་ཇེ་དམ་དུ་་གཏོང་བ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཁྲིམས་འགལ་གྱིས་རྨོ་ཞིང་གང་བྱུང་དུ་བཟུང་བའི་བྱ་སྤྱོད་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཞིང་ལས་དང་གྲོང་གསེབ་བཅོས་སྒྱུར་ཟབ་སྤེལ་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས། “ཐག་གཅོད་མི་བྱེད་པ་བཞི”དོན་འཁྱོལ་བྱས་ཏེ་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པར་མ་ཟད། ཁྱོན་ཡོངས་ནས་དབུལ་ཐར་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཞིབ་འཇུག་ནན་མོ་དང་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བྱས་རྗེས་གསར་པ་འཇོག་དགོས།  སྲུང་སྐྱོབ་ཆེན་པོ་མཉམ་དུ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པ། ཏུང་ཐིན་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་ཡག་པོ་བྱེད་པ་དང་། འབྲི་ཆུའི་ཆུ་ལག་གཙོ་བོ་བཙོག་བཅོས་དང་མཚོ་འགྲམ་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། ཉ་པའི་ཐོན་སྐྱེད་གཞན་སྒྱུར་བཀོད་སྒྲིག་དང་དམངས་འཚོ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་ཀྱི་དམག་འཐབ་མཐའ་གཅིག་ཏུ་རྒྱག་དགོས། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ས་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་བཏང་ནས། སྐྱེ་ཁམས་མ་ལག་གི་ནུས་པ་སྤྱི་ཡོངས་རང་བཞིན་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི“དཀའ་ངལ་དང་སེམས་ཁྲལ་བྱེད་པའི”གནད་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་དང་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི། ཞིང་པ་ཞོར་ལས་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི་སྣ་སོགས་གཙོ་གནད་ཚོགས་སྤྱི་ཡི་ལས་ཞུགས་ལས་དོན་དམིགས་སུ་བཀར་ནས་ཡག་པོ་སྒྲུབ་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གསོ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོ་དེ་རིམ་པ་ཁག་དང་རིགས་སོ་སོའི་སློབ་གྲྭའི་སློབ་ཚན་ནང་མཉམ་འདྲེས་ཐུབ་པར་བྱེད་དགོས། “སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི”གནད་དོན་ཐག་གཅོད་བྱེད་པར་དམིགས་བཙུགས་ཏེ། གཞུང་གཉེར་སྨན་ཁང་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་དང་། རྫོང་རིམ་པའི་སྨན་ཁང་གི་ཕྱོགས་བསྡུས་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་ལྡན་ཅན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་དང་གྲོང་ཁྱེར་གཞིས་ཁུལ་གྱི་འཕྲོད་བསྟེན་ལས་ཁུངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་དང་ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་ཡག་པོ་སྤེལ་དགོས། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱས་ཏེ། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧུའུ་ནན་ནི་གསར་བརྗེའི་རྟེན་གཞི་ཞིག་ཡིན་པས་གུང་ཁྲན་ཏང་མི་འབོར་ཆེན་ཞིག་གིས་གནས་འདི་ནས་སེམས་འགུལ་ཚད་མེད་ཐེབས་པའི་དཔའ་བོའི་གླུ་དབྱངས་གྱེར་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཏང་རྩ་འཛུགས་རིམ་པ་ཁག་གིས་ཏང་གི་ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་ཨང་དང་པོར་བཞག་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་དད་མོས་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་བསམ་པའི་འཚོ་བཅུད་འདང་ངེས་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ་རྒྱུན་དུ་གཞི་རིམ་དུ་ཟབ་ཞུགས་དང་དོན་དངོས་ལ་ཟབ་ཞུགས་བྱས་ནས། མང་ཚོགས་ཀྱི་ལས་དོན་སེམས་ནང་དམ་འཛིན་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། སྟག་དང་དུག་སྦྲང་མཉམ་རྡུང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པར་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། དམག་འཐབ་དྲག་པོ་རྒྱག་ཕོད་པ་དང་རྒྱལ་ཁ་ལེན་མཁས་པོ་བྱས་ནས་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས་ཟེར།

ཏིང་ཞུའེ་ཞང་དང་ལིའུ་ཧོ། ཁྲིན་ཞི། ཧོ་ལི་ཧྥུང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱེད་རོགས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།