ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཧུའུ་པེ་ཞིང་ཆེན་དུ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2020-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱི་ཐོན་ལས་སླར་གསོ་དང་འཕེལ་རྒྱས་སྒུལ་ཤུགས་གསར་གཏོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་བྱ་བར་རྟོག་ཞིབ་མཛད། 

ཧན་ཀྲིན་གྱིས་བསྟན་དོན། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབ་བྱས་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམ་བྱས་ཏེ། ཐོན་ལས་སླར་གསོའི་གནས་ཚུལ་སྔོན་དཔག་ལས་བཟང་བ་དང་། དཔལ་འབྱོར་རྒྱུན་མཐུད་དང་གཏན་འཇགས་ངང་སླར་གསོ་བྱུང་ཡོད། ཤུགས་ཆེན་པོས་ཀྲུང་དབྱང་གི་ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་སྲིད་ཇུས་རབ་དང་རིམ་པ་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་ང་བ་དང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་པ་དང་འགན་སྲུང་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། ཁྱད་སྟོབས་འདོན་སྤེལ་དང་ཡིད་ཆེས་མཐོར་འདེགས་སྒོས་གསར་གཏོད་མ་ལག་དང་གསར་གཏོད་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཤོར་ཟིན་པའི་དུས་ཚོད་ཕྱིར་འཕྲོག་པ་དང་རིམས་ནད་ལས་བཟོས་པའི་གྱོང་གུད་ཁ་གསབ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཞིག་འབྲི་བཞེངས་བྱེད་དགོས་ཞེས་གསུངས། 

ཧན་ཀྲིན་ཝུའུ་ཧན་ཀོང་ཀུའུ་འགྲེམ་སྟོན་ལྟེ་གནས་སུ་ཕེབས་ཏེ། ཏུང་ཧུའུ་རྒྱལ་ཁབ་རང་བདག་གསར་གཏོད་དཔེ་སྟོན་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། དཔེ་སྟོན་ར་བའི་ཁེ་ལས་འགན་ཁུར་བ་སྐོར་ཞིག་དང་གླེང་མོལ་བྱས། ཁོང་གིས་ནན་གྱིས་བསྟན་དོན། དཔེ་སྟོན་ས་ཁུལ་གྱིས་དོ་དམ་ཚོང་གཉེར་གྱི་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཚོད་ལྟ་ཁང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཧུར་ཐག་སྒོས་ཐོན་ལས་ཀྱི་རྣམ་པ་གསར་བ་གསོ་སྤེལ་བྱས་ཏེ། ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ཐད་ཁོར་ཡུག་བཟང་བོ་འདོན་སྤྲོད་བྱེད་དགོས་པར་བསྟན།

ཧན་ཀྲིན་ཀའོ་ཏི་ཧོང་ཝེ་དང་ཀྲུང་གོའི་བརྡ་འཕྲིན་འཕྲིན་གཏོང་ཚན་རྩལ། ཧྭ་ཞིན་འོད་གློག ཅིང་ཏུང་ཧྥང་སོགས་ཁེ་ལས་སུ་ཕེབས་ཏེ་ཐོན་ལས་སླར་གསོ་དང་ཐོན་སྐྱེད་བདག་གཉེར། ལག་རྩལ་གསར་སྤེལ་སོགས་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཁེ་ལས་ཀྱིས་གཏན་ཤུགས་སྲུང་འཛིན་དང་སྦས་ཤུགས་སྔོག་འདོན་བྱས་ཏེ། ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་དང་ཉེན་ཁའི་འགྲན་རྩོད་ཐག་གཅོད་བྱེད་པ་དང་། རྒྱུན་ཆད་མེད་པར་བཟང་བོར་བསྒྲུབས་ནས་རྒྱལ་སྤྱིའི་ཚོང་རའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། ཀྲུང་གོའི་བཟོ་སྐྲུན་གྱི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས་པར་བསྟན། 

ཧན་ཀྲིན་ཧྭ་ཝེའི་ཝུའུ་ཧན་རྟེན་གཞི་དང་ཁྲང་ཅང་གསོག་ཉར་སོགས་ཁེ་ལས་སུ་སོང་ནས་གསར་སྤེལ་དང་ཐོན་སྐྱེད་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཝུའུ་ཧན་ལམ་སྟོན་དང་གནས་ཡུལ་ཞབས་ཞུའི་བཟོ་ལས་ལག་རྩལ་ཞིབ་འཇུག་ཁང་ནས་བྱང་སྐར་སྨེ་བདུན་རྟགས་ཀྱི་ལམ་སྟོན་མ་ལག་གི་གསར་སྤེལ་གནས་ཚུལ་ལ་རྒྱུས་ལོན་མཛད། རིག་ནུས་དྲ་རྒྱའི་དཔེ་སྟོན་རྟེན་གཞི་དང་ཏུང་ཧྥུན་རླངས་འཁོར་ལག་རྩལ་ལྟེ་གནས་ནས། རང་འགུལ་རླངས་འཁོར་གྱི་དཔེ་སྟོན་བེད་སྤྱོད་དང་རང་བདག་རླངས་འཁོར་གྱི་གསར་སྤེལ་གནས་ཚུལ་སོགས་ལ་ཞིབ་ཏུ་རྒྱུས་ལོན་མཛད། 

ཧན་ཀྲིན་ཆིན་ཧྲན་ཆུ་འགྲམ་དུ་ཡོང་ནས་འབྲི་ཆུའི་འགྲམ་བརྒྱུད་ཀྱི་བཅོས་སྐྱོང་དང་སྐྱེ་ཁམས་ཞིག་གསོའི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་དང་། འབྲི་ཆུའི་ཉ་འཛིན་པ་གཏན་འགོག་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།