ཀྲུང་གོ་བོད་ཀྱི་དྲ་བ།

ཟླ8པར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བསྡོམས་འབོར6.3%དང11.6%སོ་སོར་འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ8པར་རང་རྒྱལ་གྱི་རླངས་འཁོར་ཐོན་ཚོང་བསྡོམས་འབོར་ཁྲི211.9དང་ཁྲི218.6སོ་སོར་ཟིན་པ་དེ་དུས་མཚུངས་ལས6.3%དང11.6%འཕར་ཡོད།

ཀྲུང་གོ་རླངས་འཁོར་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཁྲེང་ཧྲེ་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ1པོ་ནས8པ་བར་རང་རྒྱལ་གྱི་རླངས་འཁོར་ཐོན་ཚོང་བསྡོམས་འབོར་ཁྲི1443.2དང་ཁྲི1455.1ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས9.6%དང9.7%ཆག་ཅིང་། འཕར་ཆག་དེ་ཟླ1པོ་ནས7པ་བར་ལས་ཆག་ཚད་བརྒྱ་ཆའི་གྲངས2.2དང་བརྒྱ་ཆའི་གྲངས་3སོ་སོར་དམའ་རུ་སོང་ཡོད། ཉེ་དུས་རླངས་འཁོར་ལས་རིགས་སླར་གསོའི་རྣམ་པ་རྒྱུན་ཆད་མེད་པར་ཡག་ཏུ་སོང་ཞིང་། ཟླ་8པར་རླངས་འཁོར་ཐོན་ཚོང་བྱེད་ཚད་མུ་མཐུད་བརྟན་པོའི་ངང་འཕར་ཡོད།

ཀྲུང་གོ་རླངས་འཁོར་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། ཟླ8པར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚོང་བསྡོམས་འབོར་ཁྲི10.6དང་ཁྲི10.9སོ་སོར་ཟིན་པ་དེ། ཟླ་གོང་མ་ལས6%དང11.7%འཕར་བ་དང་ལོ་གོང་མའི་དུས་མཚུངས་ལས17.7%དང25.8%འཕར་ཡོད། དེའི་ཁྲོད་གློག་སྒུལ་རྐྱང་པ་དང་གློག་སྤྱོད་རྣམ་པའི་སྒུལ་ཤུགས་མཉམ་འདྲེས་རླངས་འཁོར་ཐོན་ཚོང་བྱེད་ཚད་ཟླ་གོང་མ་དང་ལོ་གོང་མའི་དུས་མཚུངས་ལས་འཕར་བའི་རྣམ་པ་མངོན་ཡོད། དེ་མིན་ད་དུང་འབར་རྒྱུའི་གློག་རྫས་རླངས་འཁོར་ཟླ་8པར་ཐོན་ཚོང་བྱེད་ཚད་མྱུར་དུ་འཕར་བའི་རྣམ་པ་དེ་ཟླ་གོང་མ་ལས་མངོན་གསལ་དོད་པོས་ལེགས་པ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།