ཝང་དབྱི་ཡིས་ཧ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཐེ་ལེ་ཝུའུ་པེར་ཅི་དང་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་མཁན་ཝང་དབྱི་ཡིས་ནུའུ་འར་སུའུ་ཏན་དུ་ཧ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཐེ་ལེ་ཝུའུ་པེར་ཅི་དང་གྲོས་མོལ་བྱས།

ཝང་དབྱི་ཡིས་གསུངས་དོན། ཧ་སག་སི་ཐན་ནི་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འདི་ཕྱི་འབྲེལ་གྱི་ཁྱོན་ཡོངས་དང་ལྷག་པར་དུ་ཉེ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བརྩི་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ཀྱི་འབྲེལ་ཟམ་ཡག་པོ་བཙུགས་ནས། ཕྱོགས་གཉིས་ཀའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས་ལ་འཐབ་ཇུས་ཀྱི་ཁྲིད་སྟོན་གལ་ཆེན་མཁོ་འདོན་བྱས་ཡོད། ན་ནིང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་དེ་ཡུན་རིང་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་འཕར་རྒྱུར་མོས་མཐུན་བྱུང་བར་བརྟེན། ང་ཚོས་ངོས་འཛིན་གཅིག་མཐུན་གལ་ཆེན་འདི་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ་བྱས་པར་མ་ཟད། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ནས། ཕྱོགས་གཉིས་ཀའི་འབྲེལ་བ་སྔར་ལས་ཇེ་བརྟན་དུ་བཏང་ཡོད་ཟེར།

ཐེ་ལེ་ཝུའུ་པེར་ཅི་ཡིས་བཤད་དོན། རིམས་ནད་ཀྱི་འགྲན་སློང་མདུན་དུ་ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཕྱོགས་གཉིས་ཀས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་པར་བརྟེན། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་འབྲེལ་བ་ཕྱི་འབྲེལ་སྲིད་ཇུས་ཀྱི་སྔོན་འགྲོའི་ཁ་ཕྱོགས་སུ་བཞག་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།