ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་སྔར་ལས་ལྷག་པར་སྣེ་འདྲེན་ཁེ་ལས་ཆེ་གྲས་ཀྱིས་ཞིང་ལས་དེང་རབས་ཅན་སྤེལ་བར་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཧེ་ལུང་ཅང་ཧའར་པིན་དུ་ཞིང་ལས་སྣེ་འདྲེན་ཁེ་ལས་ཆེ་གྲས་ཀྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ། ཁྲིད་སྟོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་ལས་ཀྱི་སྣེ་འདྲེན་ཁེ་ལས་ཆེ་གྲས་ཀྱིས་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་མགྱོགས་མྱུར་ངང་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། ཞིང་ལས་སྣེ་འདྲེན་ཁེ་ལས་ཆེ་གྲས་ནི་དེང་རབས་ཞིང་ལས་ཐོན་ལས་མ་ལག་འཛུགས་པའི་གཙོ་གཟུགས་གལ་ཆེན་ཞིག་ཡིན་པ་དང་། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་འཁྲི་གལ་ཆེན་འཁུར་ཡོད། སྔར་ལས་ལྷག་པར་དེང་རབས་ཀྱི་ཞིང་ལས་ཐོན་སྐྱེད་གོང་དུ་སྤེལ་བའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་སྔོན་ལ་ཚད་ལྡན་ཅན་གྱི་ཐོན་སྐྱེད་མ་ལག་འཛུགས་པ། སྤུས་ཚད་དོ་དམ་གྱི་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ། དེང་རབས་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་སྤྱད་དེ་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱི་དོ་དམ་ལས་ཆོད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། སྔར་ལས་ལྷག་པར་ཞིང་ལས་ཚན་རྩལ་ཐོན་ལས་གསར་གཏོད་ཇེ་མགྱོགས་སུ་གཏོང་བའི་གཙོ་ཤུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་བརྟེན་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། ཞིང་དུད་ལ་ཐོན་རྫས་གསར་པ་དང་ལག་རྩལ་གསར་པ་སྤྱོད་རོགས་བྱེད་པ། སྔར་ལས་ལྷག་པར་ཞིང་ལས་ཐོན་རྫས་ལས་སྣོན་འཁོར་རྒྱུག་གཞན་སྒྱུར་གྱི་རིན་ཐང་འཕར་བར་སྐུལ་འདེད་གཏོང་བ། སྣ་མང་ཅན་གྱི་འཛད་སྤྱོད་ཐོན་རྫས་གསར་སྤེལ་བྱེད་དགོས། སྔར་ལས་ལྷག་པར་མཉམ་འབྲེལ་ལམ་སྲོལ་འཐུས་ཇེ་ཚང་དུ་བཏང་ནས་ཞིང་དུད་ཀྱིས་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ཞིང་ལས་སྣེ་འདྲེན་ཁེ་ལས་ཆེ་གྲས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ཏེ་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

ཚོགས་འདུ་གྲོལ་རྗེས་ཧུའུ་ཁྲུན་ཧྭ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཧའར་པིན་ཕྱུགས་རིགས་སྨན་རྫས་ཞིབ་འཇུག་སུའོ་རུ་ཕེབས་ནས་ཨ་ཧྥེ་རི་ཁའི་ཕག་རིམས་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན། ཨ་ཧྥེ་རི་ཁའི་ཕག་རིམས་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། ཚན་རིག་གི་ཆོས་ཉིད་ལ་བརྩི་འཇོག་དང་དུས་ཚོད་ཀྱིས་སྤུས་ཚད་ལ་བསྟུན་པ་རྒྱུན་འཁྱོངས་བྱས་ཏེ། གོ་རིམ་ལྟར་ཞིབ་འཇུག་གསར་སྤེལ་ལས་དོན་ནན་གྱིས་སྤེལ་ནས་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ལ་འགན་ལེན་བྱས་ཏེ། ཚན་རིག་དང་ལག་ལེན་གྱི་ཞིབ་བཤེར་ཐེག་ཐུབ་པ་བྱས་ནས་གསོན་ཕག་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འབུལ་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།