ཀྲུང་གོ་བོད་ཀྱི་དྲ་བ།

དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་གསོ་པུའུ་ཡི་དྲྭ་ཚུགས་ནས་བསྒྲགས་པ་ལྟར་ན། སློབ་གསོ་པུའུ་སོགས་པུའུ་དྲུག་གིས་ཉེ་སྔོན《དུས་རབས་གསར་པའི་ཞིང་སྡེའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་གྲོས་གཞི》འགྲེམས་སྤེལ་བྱས་ཤིང་། དེའི་ནང་གོ་མིང་དཔྱད་དྲངས་ཀྱི་སྲིད་ཇུས་ཞིང་སྡེའི་དགེ་རྒན་ལ་ལྟ་རྟོག་བྱེད་དགོས་པ་བཏོན་འདུག དུས་ཡུན་རིང་པོར་ཤང་དང་གྲོང་སྡེ། དཀའ་ཚེགས་ཆེ་བའི་ཡུལ་མཐའ་འཁོབ་ཏུ་སློབ་གསོའི་ལས་དོན་སྒྲུབ་བཞིན་པའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཚོས་གོ་མིང་དཔྱད་དྲངས་བྱེད་པའི་སྐབས་སུ་གྲུབ་འབྲས་ཀྱི་བླང་བྱ་གུ་ཡངས་གཏོང་བ་དང་། དཔྱད་རྩོམ་གྱི་བླང་བྱ་དང་། གོ་མིང་དང་འབྲེལ་བའི་ཕྱིའི་སྐད་ཡིག དེ་བཞིན་རྩིས་འཕྲུལ་གྱི་བཀོལ་སྤྱོད་ནུས་པ་བཅས་ཀྱི་བླང་བྱ་ཁག་ལ་ཡང་བརྟེན་མི་དགོས་པ་བརྗོད་འདུག

གྲོས་གཞིའི་ནང་བསྟན་དོན། ཞིང་སྡེའི་སློབ་ཆུང་དགེ་རྒན་གྱིས་རང་ཉིད་ཀྱིས་འཁྲིད་བྱའི་སློབ་ཚན་ལྟར། གོ་མིང་དཔྱད་དྲངས་བྱེད་ཆོག་པས་སྦྱང་བྱའི་ཆེད་ལས་ཀྱི་བཀག་སྡོམ་མི་ཐེབས་པ་རེད། སློབ་གྲྭ་ཆུང་འབྲིང་གི་གོ་མིང་འབྲིང་རིམ་དང་མཐོ་རིམ་གྱི་ལས་རྐང་སྒྲིག་གཞིའི་བསྡུར་ཚད་མཐོར་འདེགས་གང་འཚམ་བཏང་ནས་དེ་ཡང་ཞིང་སྡེའི་དགེ་རྒན་ལ་གཟིགས་སྐྱོང་བྱེད་པ་དང་། ཞིང་སྡེའི་སློབ་གྲྭའི་གོ་མིང་འབྲིང་རིམ་དང་མཐོ་རིམ་གྱི་ཆེད་ལས་ལག་རྩལ་ལས་རྐང་བསྒྲིགས་པའི་བསྡུར་ཚད་དེ། ས་གནས་དེ་གའི་གྲོང་རྡལ་གྱི་རིགས་འདྲའི་སློབ་གྲྭའི་ཚད་གཞི་ལས་མི་དམའ་བ་རེད། དུས་ཡུན་རིང་པོར་ཤང་དང་གྲོང་སྡེར་སློབ་གསོའི་ལས་དོན་སྒྲུབ་བཞིན་ཡོད་པའི་དགེ་རྒན་ལ་མཚོན་ན་གོ་མིང་དཔྱད་དྲངས་བྱེད་པའི་སྐབས། གཏན་འབེབས་ལྟར་ཁ་ཕྱོགས་གཏན་འཁེལ་བྱེད་པའི་གདེང་འཇོག་དང་ཁ་ཕྱོགས་གཏན་འཁེལ་བྱེད་པའི་བེད་སྤྱོད་བྱེད་ཆོག་ཅིང་། གོ་མིང་འབྲིང་རིམ་དང་མཐོ་རིམ་ལས་རྐང་ལ་སྤྱི་འབོར་ཚོད་འཛིན་དང་བསྡུར་ཚད་ཟུར་འདོན་བྱ་ཆོག་པ་དང་། སློབ་གྲྭ་དེ་གའི་ལས་རྐང་སྒྲིག་གཞིའི་བསྡུར་ཚད་ཀྱིས་བཀག་སྡོམ་མི་ཐེབས་པ་རེད།

ཞིང་སྡེའི་དགེ་རྒན་གྱི་སྤྱི་ཚོགས་ཀྱི་གོ་གནས་དང་འཚོ་བའི་ལྟ་རྟོག་ཇེ་ཡག་ཏུ་གཏོང་བའི་ཐད། གྲོས་གཞིའི་ནང་ཁ་གསལ་བོས་བསྟན་དོན། ཞིང་སྡེའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཀྱི་ཡོང་འབབ་དེ་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ཀྱི་ཡོང་འབབ་ལས་མི་དམའ་བའམ་མཐོ་བ་ཡིན་པ་ཁག་ཐེག་བྱེད་པ། ལས་ཕྱོད་གླ་ཕོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ། མི་རིགས་ས་ཁུལ་དང་། དཀའ་ཚེགས་ཆེ་བའི་ཡུལ་མཐའ་འཁོབ་ས་ཁུལ་གྱི་སློབ་གྲྭ་ལ་ལྟ་རྟོག་འོས་འཚམ་བྱེད་པ། དེ་མིན་གཅིག་སྡུད་ཡུག་འབྲེལ་གྱི་ཤིན་ཏུ་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བྱ་རྒྱུ་དང་། སློབ་གྲྭའི་དཀའ་ཚེགས་དང་ཡུལ་མཐའ་འཁོབ་ཏུ་གནས་པའི་ཚད་གཞི་ལྟར། དམིགས་བསལ་གྱི་ཁ་གསབ་ཚད་གཞི་ལག་ལེན་བྱེད་པ། ཡུལ་སྡེའི་དགེ་རྒན་གྱི་སྡོད་ཁང་དང་སྨན་བཅོས། རོགས་སྐྱོབ་སོགས་སྲིད་ཇུས་ཀྱི་འགན་སྲུང་རིམ་པ་བཞིན་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་དགེ་རྒན་གྱི་ཐོབ་སྣང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པར་བསྟན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།